མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཧུར་ཐག་སྒོས་མི་ཚང་མའི་ཆེད་དུ་ཞི་བདེ་འཛུགས་སྐྲུན་བྱས་ནས་དེར་སྐུལ་འདེད་དང་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ནི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། ཞི་བདེ་ནི་མིའི་རིགས་ཀྱི་བླ་མེད་ཕུགས་འདུན་ཡིན་པར་མ་ཟད། འགུལ་སྐྱོད་ཐད་ཀྱི་འབོད་སྐུལ་ཡང་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཚང་མའི་ཆེད་དུ་ཞི་བདེ་འཛུགས་སྐྲུན་བྱས་ནས་དེར་སྐུལ་འདེད་དང་སྲུང་འཛིན་བྱེད་པར་འབད་འབུངས་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིག་སྔར་མིའི་རིགས་དང་སའི་གོ་ལ་ཧྲིལ་བོ་ཉམས་ཉེན་གྱི་གནས་སུ་ལྷུང་ཡོད་པ་དང་། འཁྲུག་རྩོད་ལས་ཁ་གྲངས་སྔར་ལས་མང་བའི་མང་ཚོགས་རང་ཡུལ་དང་འབྲལ་དུ་བཅུག་ཡོད་ལ། མེ་སྐྱོན་དང་ཆུ་ལོག དྲོད་ཚད་མཐོ་བའི་ནམ་ཟླ་བཅས་མང་དུ་བྱུང་ཡོད་པར་མ་ཟད། དབུལ་ཕོངས་དང་འདྲ་མཉམ་མིན་པ། དྲང་བདེན་མིན་པ། ཡིད་ཆེས་མེད་པ། ཁ་བྲལ་དང་ཕྱོགས་རིས་ཀྱི་སྣང་ཚུལ་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཞི་བདེ་ནི་རང་བཞིན་དུ་མངོན་འགྱུར་འབྱུང་བ་ཞིག་མ་ཡིན་པར་འགུལ་སྐྱོད་སྤེལ་བའི་མཇུག་འབྲས་ཡིན་ཟེར། ཁོས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ནས་མི་སུ་དང་གང་ཡང་རྗེས་སུ་མི་ལུས་པར་ཁག་ཐེག་དང་། མི་རེ་རེའི་འགྲོ་མིའི་ཐོབ་ཐང་དང་ལ་རྒྱར་སྲུང་སྐྱོབ་བྱེད་དགོས་ལ། ཕྱི་འབྲེལ་དང་གྲོས་མོལ། རོགས་ལས་བཅས་བེད་སྤྱད་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་ཞི་བདེ་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་བཙུགས་པ་ཡིན། ཉིས་སྟོང་གཅིག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་མཐུན་བཀོད་དེ་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་དེ་ལོ་རེའི་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གཏན་འཁེལ་བྱས་པར་མ་ཟད། ཉིན་དེ་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་དྲག་ཤུགས་མེད་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།