སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གཏམ་བཤད་སྤེལ་ཏེ། སུའུ་ཏན་གྱི་དྲག་ཆས་འཁྲུག་དེས་ས་ཁུལ་གཞན་ལ་གནོད་སྐྱོན་ཐེབས་སྲིད་པའི་ཉེན་བརྡ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་གནོན་ཤུགས་སྟེར་དགོས་པའི་སྐུལ་མ་བཏང་།
ཉིན་དེར་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་བརྙན་རིས་སྤེལ་ནས། འཁྲུག་རྩོད་མཚམས་འཇོག་པ་དང་ཕྱོགས་ཡོངས་ནས་ཆབ་སྲིད་གྲོས་མོལ་བྱས་ཏེ་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།
ས་ངོས་ཀྱི་གཡུལ་སའི་གནས་བབ་ཛ་དྲག་ཏུ་གྱུར་བའི་དབང་གིས་པུའུ་ཨར་ཧན་གྱིས་ཉེ་སྔོན་རྒྱལ་ཁབ་མང་བོར་འཚམས་འདྲི་བྱས་ཏེ་ཆབ་སྲིད་ཀྱི་རྒྱབ་སྐྱོར་བཙོན་ལེན་བྱས། ཁོས་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བཤད་རྒྱུར། ང་ཚོས་སྔར་བཞིན་ཞི་བདེའི་ལག་ཟུང་བརྐྱངས་ནས་འཐབ་འཁྲུག་འདི་དང་ང་ཚོའི་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་བར་བརྩོན་བཞིན་ཡོད་ཟེར།
པུའུ་ཨར་ཧན་གྱིས་བཤད་རྒྱུར། ང་ཚོས་སྔར་བཞིན་སྔོན་ཆད་ཀྱི་དམ་བཅའ་བརྟན་སྲུང་བྱས་ཡོད་དེ། རྒྱལ་ཡོངས་ནས་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་བྱུང་བའི་གནས་ཚུལ་འོག དབང་ཤུགས་སུའུ་ཏན་མི་དམངས་ལ་སྤྲོད་རྒྱུ་ཡིན་ཟེར།
ཁོས་ད་རུང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ནག་ཉེས་བཟོས་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་དགོས་པའི་སྐུལ་མ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་སྤྱི་ཁང་གི་གཞི་གྲངས་ལྟར་ན། སུའུ་ཏན་འཁྲུག་རྩོད་ལས་མི་ས་ཡ་འགའ་ཡུལ་ཁྱམས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་ས་ཡ་གཅིག་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཉེན་ཡོལ་བྱེད་པར་བྲོས་བྱོལ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།