ཁྲའོ་ཞན་ངལ་རྩོལ་ཏང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ནས་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སི་རུ་འཚམས་འདྲི་བྱས་པར་གདེང་འཇོག་ཆེན་པོ་བྱས།
2023.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གིས་ཚེས་ཉི་ཤུ་ཉིན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཅུའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིར་འཚམས་འདྲི་བྱས་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཐེངས་འདིའི་འཚམས་འདྲི་དེ་སྔོན་དཔག་གི་དམིགས་འབེན་དུ་བསླེབས་ཡོད་པར་འདོད།

བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ཅིན་ཁྲིན་ནན་གྱིས་ཆབ་སྲིད་ཅུའི་གྲོས་ཚོགས་ལ་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིར་འཚམས་འདྲི་བྱས་པའི་གྲུབ་འབྲས་སྙན་ཞུ་བྱས། སྙན་ཞུ་ལས་ཨུ་རུ་སིར་འཚམས་འདྲི་བྱས་པའི་གནས་ཚུལ་ཞིབ་མོར་བསྒྲགས་པ་དང་། ཐེངས་འདིའི་འཚམས་འདྲི་ལས་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བ་དེ་འཐབ་ཇུས་ཀྱི་མཐོ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་བཏང་ཡོད་པའི་ཚུལ་བསྟན། སྙན་ཞུ་ལས་ད་རུང་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་རབ་དང་རིམ་པ་མཚམས་སྦྱོར་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་འདྲིས་ཟབ་མོ་བྱས་ཏེ་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཕན་བདེ་ཇེ་ཆེར་གཏོང་བའི་ཐད་ངེས་པ་དོན་གྱི་བྱས་རྗེས་འཇོག་དགོས་པ་ནན་བཤད་བྱས།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཨུ་རུ་སིར་འཚམས་འདྲི་བྱས། དེའི་སྐབས་སུ་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཙུང་ཐགུང་ཕུའུ་ཅིན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་དང་མཉམ་ལས་ལས་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཐུན་མོང་གི་ལྟ་ཚུལ་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།