ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཉིན་དེར་སེ་ཝ་སི་ཐའོ་པའོ་ཨར་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ། མཚོ་ནག་གྲུ་གཟིངས་རུ་ཁག་གི་སྤྱི་ཁྱབ་པུའུ་ཡི་ཁང་བར་གཏོར་བརླག་ཐེབས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་འཕུར་མདའ་བཀོལ་ནས་སེ་ཝ་སི་ཐའོ་པའོ་ཨར་ལ་འཇབ་རྒོལ་བྱས་རྗེས། དམག་མི་གཅིག་གར་སོང་རྙེད་མེད་ཟེར། སྡེ་ཁག་དེས་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་ནག་གྲུ་གཟིངས་རུ་ཁག་གི་སྤྱི་ཁྱབ་པུའུ་ཡི་ཁང་བར་འཇབ་རྒོལ་ཐེབས་ཏེ་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར།
སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་གྱི་ཧྲི་ཀྲང་ལཱ་ཙི་བོ་ཀྲ་ཡེ་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གི་འཕུར་མདའི་ཆག་རོ་སེ་ཝ་སི་ཐའོ་པའོ་ཨར་གྱི་ཟློས་གར་ཁང་ཞིག་གི་ཉེ་འདབས་སུ་ལྷུང་བ་རེད། མེ་གསོད་དང་མྱུར་སྐྱོབ། བྲེལ་མྱུར་གནས་ཚུལ་པུའུ་ཡི་འབྲེལ་ཡོད་མི་སྣ་ཡུལ་དངོས་སུ་འབྱོར་ཡོད་པ་དང་། མཁའ་དམག་གིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།
ལཱ་ཙི་བོ་ཀྲང་ཡེ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཡང་བསྐྱར་འཇབ་རྒོལ་བྱེད་སྲིད་པས། གྲོང་ཁྱེར་སྡོད་དམངས་དག་གྲོང་ཁྱེར་ལྟེ་གནས་སུ་མི་འགྲོ་བ་དང་སྒོའི་ཕྱི་རོལ་ནས་མི་སྡོད་པའི་གྲོས་གཞི་བཏོན། མཚོ་ནག་གྲུ་གཟིངས་རུ་ཁག་གི་སྤྱི་ཁྱབ་པུའུ་ཡི་ཉེ་འདབས་ཀྱི་སྡོད་དམངས་དག་གིས་ཉེན་བརྡ་ཐོས་རྗེས་མྱུར་མོར་ཉེན་ཡོལ་བྱེད་སར་སོང་བ་རེད་ཟེར།
ཉིན་དེའི་སྔ་དྲོར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྙན་ཞུ་ལས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཁི་ལི་མུས་ཡཱའི་ནུབ་ཕྱོགས་མཚོ་འགྲམ་ནས་ཝུའུ་ཁི་ལན་གྱི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་གཉིས་བཀག་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།