ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མངའ་སྡེ་དེའི་སློབ་ཆེན་ཞིག་གི་སློབ་མའི་མལ་ཁང་ལ་ཉིན་དེའི་ཞོགས་པར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མི་སོ་ལྔ་བཙན་ཁྲིད་བྱས་ཟེར།
ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་མགོ་བའི་མགྲིན་ཚབ་པ་ཡུག་སོ་ཧྥུའུ་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་མངའ་སྡེ་དེའི་སཱ་པང་ཅི་ཏཱ་ས་ཁུལ་གྱི་ཀུའུ་སཱ་ཝུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་སློབ་མིའི་མལ་ཁང་ལ་འཇབ་རྒོལ་བྱས་ཏེ། སློབ་མ་ཉེར་བཞི་དང་། སློབ་གྲྭའི་ལས་བཟོ་བ་བཅུ། བདེ་སྲུང་མི་སྣ་གཅིག་བཅས་བཙན་ཁྲིད་བྱས་ཟེར།
མིག་སྔར་ནེ་ཀྲི་རི་ཡཱའི་བདེ་འཇགས་དམག་དཔུང་གིས་བཙན་ཁྲིད་བྱས་པའི་མི་རྣམས་སྐྱོབ་པར་བརྩོན་ལེན་བྱེད་བཞིན་ཡོད།
འཇབ་རྒོལ་ཁྲོད་ནས་ཐར་བའི་སློབ་མ་ཨ་པུའུ་ཏུའུ་ལཱ་ཞེ་ཡིས་བཤད་རྒྱུར། དྲག་ཆས་མི་སྣ་ཚན་ཁག་གཉིས་སུ་བྱས་ནས་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ་སློབ་མའི་མལ་ཁང་དུ་ཡོང་བ་རེད་ཟེར།
ནེ་ཀྲི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ཁྲོད་ཀྲུང་གོའི་སྤྱི་དམངས་ལ་བཙན་ཁྲིད་ཐེབས་པའི་སྙན་ཞུ་གནས་སྐབས་སུ་ད་རུང་བསྒྲགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།