ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན། ཧྥིན་ལན་ནུའུ་ཨར་ཉིང་དངོས་ཟོག་འཁོར་རྒྱུགས་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་ཨོ་ལིས་པོ་ཧི་དབྱང་ཝེ་ཨར་ཐཱ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལོ་མང་བོའི་རྒྱལ་ཁོངས་བརྒལ་བའི་མཉམ་འབྲེལ་ཉམས་མྱོང་ལས་གསལ་བོར་མཐོང་ཐུབ་པ་ནི། ཀྲུང་གོ་དང་ཡོ་རོབ་གླིང་གི་དུས་གཏན་མེ་འཁོར་གྱིས་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་བླ་ལྷག་ཐོན་འདུག་ཟེར།
པོ་ཧི་དབྱང་ཝེ་ཨར་ཐཱ་ཡིས་བཤད་རྒྱུར། ང་ཚོའི་ཐོག་མའི་དམིགས་འབེན་ནི་ཀྲུང་གོ་དང་སི་ཁན་གྱི་ན་ཝེ་ཡ་ས་ཁུལ་བར་དུ་ཚོང་གཉེར་སྐྱེལ་འདྲེན་བྱེད་རྒྱུ་དེ་ཡིན་ལ། ཀྲུང་གོ་དང་མཉམ་ལས་ཟླ་གྲོགས་བྱེད་པ་མངོན་འགྱུར་བྱུང་བ་དེ་ཡིས་ང་ཚོའི་དམིགས་ཡུལ་མངོན་འགྱུར་བྱེད་དུ་བཅུག་སོང་ཟེར།
པོ་ཧི་དབྱང་ཝེ་ཨར་ཐཱ་ཡིས་བལྟས་ན། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ལྕགས་ལམ་སྐྱེལ་འདྲེན་གྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་རྐྱེན་བླ་ལྷག་ཐེབས་འདུག་ལ། ཀྲུང་གོ་དང་ཧྥིན་ལན་གྱིས་དངོས་པོ་ཕན་ཚུར་སྐྱེལ་བའི་དུས་ཡུན་དེ་སྔོན་ཆད་ལས་ཉིན་བཅུ་ཡས་མས་ཀྱི་ཉེ་ཐུང་ལ་སོང་འདུག་པ་དང་། བདེ་འཇགས་མྱུར་སྐྱོད་ཀྱི་ལྕགས་ལམ་འགྲིམ་འགྲུལ་ནི་ཁེ་ལས་ཀྱིས་ཚོང་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པའི་གཞོགས་འདེགས་གལ་ཆེན་དུ་གྱུར་ཡོད།
ཁོས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཉོ་ཚོང་བརྗེ་རེས་ནི་ཕྱོགས་གཉིས་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ། ལྷག་པར་དེང་གི་དུས་འདིར། འཛམ་གླིང་ལ་སྔར་ལས་ཀྱང་མཉམ་ལས་ཤུགས་དྲག་བྱེད་རྒྱུའི་དགོས་གལ་ཆེ་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།