པེ་ཉིང་རྒྱལ་ཁབ་ཀྱི་འབར་རྫས་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

པེ་ཉིང་རྒྱལ་ཁབ་ཤར་ལྷོའི་ཕྱོགས་ཀྱི་ནེ་ཀྲི་རི་ཡ་དང་འབྲེལ་མཚམས་ཀྱི་འབར་རྫས་མཛོད་ཁང་ཞིག་ཏུ་ཚེས་ཉེར་གསུམ་ཉིན་མེ་སྐྱོན་བྱུང་ནས། ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

པེ་ཉིང་གི་ཁྲིམས་འཛིན་དང་ཁྲིམས་འཛུགས་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ས་དེའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ། ཝེ་མེ་ཞིང་ཆེན་སའེ་མེ་པོ་ཅི་གྲོང་ཁྱེར་གྱི་ལྐོག་འཚོང་འབར་རྫས་བཞག་ཡོད་པའི་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས། བྱིས་པ་གཅིག་དང་བཅས་པའི་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་ལྗིད་མོ་བཅུ་ལྷག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། མེ་སྐྱོན་དེས་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་སོང་ཟེར།

སྤྱི་བསྒྲགས་ལས་གནས་ཚུལ་དེ་མཐོང་མཁན་གྱི་སྐད་ཆ་དྲངས་ནས། མེ་སྐྱོན་དེ་ནི་རླངས་འཁོར་ཞིག་གིས་མཛོད་ཁང་དེ་རུ་ལྐོག་འཚོང་གི་རླངས་སྣུམ་ས་རུ་ལེན་སྐབས་བྱུང་བ་ཡིན་སྲིད་ཟེར། པེ་ཉིང་ཞིབ་དཔྱོད་ཁང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

པེ་ཉིང་ནི་རྡོ་སྣུམ་དང་རང་བྱུང་སོལ་རླབས་ཐོན་སྐྱེད་བྱེད་ཚད་མཐོ་བའི་ནེ་ཀྲི་རི་ཡ་དང་འབྲེལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་འབར་རྫས་ལྐོག་འཚོང་བྱེད་པའི་སྣང་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད།