སོ་མ་ལེའི་དབུས་ཕྱོགས་སུ་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སོ་མ་ལེའི་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སོ་མ་ལེའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་པེ་ལའེ་ཏི་ཝུན་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་ཉིན་དེར་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མང་ཆེ་ཤོས་མི་སེར་རེད་ཟེར།

པེ་ལའེ་ཏི་ཝུན་ས་ཁུལ་གྱི་ཆེད་མི་ཨོ་མར་ཨ་ལཱ་སུའུ་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཁྲོམ་ར་ཞིག་དང་སྣུམ་སྣོན་ས་ཚིགས་གཉིས་ཀྱི་ཉེ་འདབས་སུ་ཡོད་པ་དང་། གཏོར་བརླག་ཚབས་ཆེན་བཟོས་སོང་། བདེ་སྲུང་དམག་མི་དང་སྨན་བཅོས་མི་སྣ་ཡུལ་དངོས་སུ་འབྱོར་ནས། འཇབ་རྒོལ་ཁྲོད་རྨས་ཕོག་མཁན་ལ་སྨན་བཅོས་བྱེད་བཞིན་འདུག་ཟེར།

ཡུལ་དངོས་ཀྱི་གནས་ཚུལ་མཐོང་མཁན་ཨ་པུའུ་ཏིས་ཧུ་སའེ་དབྱིན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་བ་ནི་ས་ཡོམ་བྱུང་བ་དང་འདྲ་ལ། སྡོད་ཁང་དང་ཚོང་ཁང་མང་བོར་གཏོར་བརླག་ཐེབས་པ་དང་། ཡུལ་དངོས་སུ་འདས་པོའི་བེམ་པོ་མང་བོ་མཐོང་བྱུང་ལ། མི་ཁ་ཤས་ད་དུང་གར་ཡོད་མི་ཤེས་ཟེར།

མིག་སྔར་རྩ་འཛུགས་གང་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད་མོད། འོན་ཀྱང་ཐལ་སྤྱོད་རྩ་འཛུགས་སོ་མ་ལེའི་ན་གཞོན་ཏང་ཞེས་པ་དེས་རྒྱུན་དུ་རྒྱལ་ས་མོ་ཀ་ཏེ་ཧྲ་སོགས་སུ་འཇབ་རྒོལ་དེའི་རིགས་སྤེལ་བཞིན་ཡོད།