ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཞེར་ཀའེ་ཝེར་ཞི་ཉིང་གིས་ཉིང་རྡུལ་ཚོད་ལྟ་ཡོངས་སུ་མཚམས་འཇོག་པའི་ཆིངས་ཡིག་ལག་བསྟར་ཚོགས་ཆེན་སྟེང་འབོད་སྐུལ་བཏང་ནས། ཨ་མེ་རི་ཁས་མྱུར་བ་མྱུར་དུ་བྱེད་ཐབས་སྤྱད་དེ། ཉིང་རྡུལ་ཚོད་ལྟ་ཡོངས་སུ་མཚམས་འཇོག་པའི་ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུའི་རེ་བ་བཏོན་ཟེར།
ཁོས་བཤད་རྒྱུར། ཉིང་རྡུལ་ཚོད་ལྟ་ཡོངས་སུ་མཚམས་འཇོག་པའི་ཆིངས་ཡིག་ལ་སྐུལ་འདེད་གཏོང་རྒྱུ་དེ་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་ཤུགས་ཡོད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ལག་ཆ་རུ་བསྒྱུར་བའི་ཐད་ནས། ཨ་མེ་རི་ཁ་སྐུལ་ཁྲིད་པ་དང་དཔེ་སྟོན་པ་བྱེད་ཆོག་པས། ང་ཚོས་ཨ་མེ་རི་ཁའི་སྲིད་གཞུང་གིས་རང་གི་ལངས་ཕྱོགས་ལ་ཕྱིར་འདང་རྒྱག་པ་དང་། མྱུར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས། ཉིང་རྡུལ་ཚོད་ལྟ་ཡོངས་སུ་མཚམས་འཇོག་པའི་ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།
ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཆིངས་ཡིག་འདིར་ཆོག་མཆན་བཀོད་མེད་ན། ཨུ་རུ་སིས་ཉིང་རྡུལ་ཚོད་ལྟ་གནས་སྐབས་སུ་མཚམས་འཇོག་པའི་དམ་བཅའ་བརྩི་སྲུང་བྱེད་ཚད་དེ་གླེང་བའི་དབང་ཆ་མེད། རང་གིས་ཀྱང་ཉིང་རྡུལ་ཚོད་ལྟ་ཡོངས་སུ་མཚམས་འཇོག་པའི་ཆིངས་ཡིག་ལག་བསྟར་བྱ་རྩིས་མེད་པའི་རྒྱལ་ཁབ་ཅིག་ལ་རྒྱལ་ཁབ་གཞན་དག་གིས་ཆིངས་ཡིག་དེ་བརྩི་སྲུང་བྱེད་ཚད་ཅི་འདྲ་ཡིན་པ་གླེང་བའི་རྒྱུ་རྐྱེན་དང་དབང་ཆ་མེད་པར་ང་ཚོར་ཡིད་ཆེས་ཡོད་ཟེར།
དེ་དང་མཉམ་དུ་ཁོས་ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོར་ཡིག་ཆ་དེ་མ་བཀོད་པ་ནི་མངོན་སུམ་འཛེམ་མེད་དུ་ཟིང་འཁྲུག་སློང་བའི་བྱ་སྤྱོད་ཅིག་ལ་གཏོགས་ཤིང་། ཨ་མེ་རི་ཁ་སྲིད་གཞུང་གིས་ངག་ཐོག་ཁོ་ན་ནས་རང་གི་ནུས་མེད་སྲིད་ཇུས་ལ་ཕྱིར་འདང་རྒྱག་པ་ཙམ་མིན་པར། དོན་དངོས་བྱ་སྤྱོད་ལས་དེ་གསལ་བོར་མཚོན་དགོས་མོད། ཡིན་ནའང་ཨ་མེ་རི་ཁས་ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་གཞན་པའི་མཚན་སྙན་ལ་གནོད་སྐྱེལ་བཞིན་ཡོད་པས། ཨ་མེ་རི་ཁའི་ཆིངས་ཡིག་དེར་སྤྱད་པའི་གཏོར་བརླག་རང་བཞིན་གྱི་བྱ་སྤྱོད་ལ་ཁ་རྡུང་བཏང་བ་ཡིན་ཞེས་ནན་གྱིས་བཤད།
ཝེར་ཞི་ཉིང་གིས་བཤད་རྒྱུར། ཨུ་རུ་སིས་ཉིང་རྡུལ་ཚོད་ལྟ་གནས་སྐབས་སུ་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཞན་པས་དེ་བརྩི་སྲུང་བྱས་ཚེ། ཨུ་རུ་སིས་མུ་མཐུད་དུ་ལངས་ཕྱོགས་དེ་ལག་བསྟར་བྱ་རྒྱུ་ཡིན་ཟེར། ཁོས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་འགོར། ཨུ་རུ་སིས་རང་འདོད་ལྟར་ཉིང་རྡུལ་ཚོད་ལྟ་གནས་སྐབས་སུ་མཚམས་བཞག་པར་མ་ཟད། ད་བར་དུ་དེ་བརྩི་སྲུང་བྱས་ཡོད། ང་ཚོས་མ་འོངས་པར་མུ་མཐུད་དེ་དེ་ལྟར་བསྒྲུབ་འདོད་ཡོད་མོད། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱལ་ཁབ་གཞན་དག་གིས་ཀྱང་དེ་ལྟར་བསྒྲུབ་རྒྱུ་དེ་ཡིན་ཞེས་བཤད།