དབྱི་ལིང་དང་མར་ཏའེ་ཝེ་ཡིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་ལིང་དང་མར་ཏའེ་ཝེ་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཉིན་དེའི་མཉམ་འབྲེལ་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་མར་ཏའེ་ཝེའི་ཕྱི་འབྲེལ་རྒྱལ་དོན་པུའུ་ཡི་པུའུ་ཀྲང་ཁཱ་ལེ་ཨར་གྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དེའི་རྗེས་སུ་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་པ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་ལ་འཚམ་པ་རེད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་བཏང་སྟེ། དངུལ་གཏོང་ཉོ་ཚོང་དང་གནས་སྐོར། མི་གཞུང་བརྗེ་རེས་སྟབས་བདེ་རུ་གཏོང་བ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཆོད་དོན་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་རེ་འདུན་ལ་འཚམ་པ་ཡིན་ཟེར། མར་ཏའེ་ཝེའི་ཕྱི་འབྲེལ་པུའུ་ཡིས་ཀྱང་གོང་གི་གསར་འགྱུར་སྤྱི་སྒྲོག་དེ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་བདེན་དཔང་བྱས།

ཉིས་སྟོང་བཅུ་དྲུག་ལོའི་ལོ་མགོར་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་དོན། མར་ཏའེ་ཝེ་ཡིས་ལོ་དེའི་ཟླ་ལྔ་བར་དབྱི་ལིང་བར་གྱི་ཕྱི་ཕྱོགས་འབྲེལ་བ་གཅོད་རྒྱུ་ཐག་བཅད་པ་རེད། མར་ཏའེ་ཝེའི་ཕྱི་འབྲེལ་པུའུ་ཡིས་སྐབས་ཐོག་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། མར་ཏའེ་ཝེ་ཡིས་བལྟས་ན་དབྱི་ལིང་གིས་དབུས་ཤར་ས་ཁུལ་དུ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་པ་ཡོད་ཅིང་། ཐ་ན་ཕྱོགས་མང་བོ་ནས་མར་ཏའེ་ཝེ་ཡི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྲིད་ཇུས་ལག་བསྟར་བྱས་པས། དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་ད་ལོར་པེ་ཅིང་གྲོས་མོལ་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཕྱི་འབྲེལ་སླར་གསོ་བྱས་པ་དེས་དབྱི་ལིང་དང་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་ཁྲིད་བྱས་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།