དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད།
2023.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་དམག་དོན་འགུལ་སྐྱོད་སྤེལ་སྐབས་ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་དང་། ཡུལ་དངོས་སུ་མེ་མདའི་སྒྲ་བར་མེད་དུ་གྲགས་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་གྱི་དམག་མིར་འགད་རྫས་གཏོང་འཕེན་བྱས་པར་མ་ཟད་མེ་མདས་བརྒྱབ་པས། དབྱི་སི་རལ་གྱི་དམག་མིས་ཕྱིར་རྒོལ་ལན་སྤྲད་པ་ཡིན་ལ། དབྱི་སི་རལ་གྱི་དམག་མི་གཅིག་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར།

ད་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་མིའི་བར་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་སཱ་ལེམ་སོགས་སུ་འཁྲུག་རྩོད་བྱུང་ནས་མི་སྣ་མང་བོར་ཤི་རྨས་བཟོས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།