ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་བརྙན་འཕྲིན་བཅར་འདྲི་དང་ལེན་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་ཡིས་ནེ་ཀྲིར་དུ་སྡོད་པའི་བཅའ་སྡོད་དམག་དཔུང་དེ་ད་ལོའི་ལོ་མཇུག་གི་སྔོན་ལ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་ས་ཁུལ་དེའི་རྒྱལ་ཁབ་དག་གི་གདན་ཞུས་ལྟར་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རོགས་འདེགས་བྱེད་བཞིན་ཡོད་ཅིང་། ད་ལྟ་ནེ་ཀྲིར་གྱི་སྲིད་དབང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་མེད་པས། ཧྥ་རན་སི་ཡིས་དམག་དོན་མཉམ་ལས་དེ་མཇུག་སྒྲིལ་དགོས་བྱུང་། ང་ཚོས་སྲིད་འགྱུར་དམག་མིའི་བར་དམག་དཔུང་ཕྱིར་འཐེན་བྱ་བར་གྲོས་མོལ་བྱེད་རྒྱུ་ཡིན་ལ། ང་ཚོས་བྱ་བ་དེ་གཏན་འཇགས་ངང་སྤེལ་བར་རེ་བཞིན་ཡོད་ཟེར།
མཱ་ཁི་ལུང་གིས་ད་རུང་ཁྱབ་བསྒྲགས་བྱས་དོན། ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་མ་འོངས་པའི་དུས་ཚོད་འགའི་ནང་ཕྱིར་ཧྥ་རན་སི་རུ་ལོག་རྒྱུ་ཡིན་པ་དང་། ནེ་ཀྲིར་དམག་དོན་སྲིད་དབང་གིས་དེའི་སྔོན་བཀའ་རྒྱ་བཏང་ནས་ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་མཐར་སྐྲོད་བཏང་བ་རེད་ཟེར།
མཱ་ཁི་ལུང་གིས་ད་རུང་བསྟན་དོན། གལ་ཏེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་དམངས་འདེམས་སྲིད་དབང་དང་ས་ཁུལ་རྩ་འཛུགས་ཀྱིས་རེ་ཞུ་བཏོན་ན། ཧྥ་རན་སི་ཡིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།