ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་མགོ་བ་ཅིན་ལི་ཆོན་ལ་ཐུག་འཕྲད་བྱས།
2023.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་ཉེར་ལྔ་ཉིན་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་མགོ་བ་ཅིན་ལི་ཆོན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་དང་དག་གཙང་ནུས་ཁུངས། ལྷད་མེད་དཔལ་འབྱོར་སྤོར་བསྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས།

ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཉིན་དེར་ཧྲ་མུའུ་ཧྲ་དབྱེ་ནས་ཚོགས་མགོ་བརྩམས། སེ་ཞི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྗེས་ཅིན་ལི་ཆོན་ལ་ཐུག་འཕྲད་བྱས་པ་རེད། ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཨེ་ཅིབ་ཀྱིས་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་བར་གྱི་ཕུལ་དུ་བྱུང་བའི་འབྲེལ་བར་གཟེངས་བསྟོད་བྱེད་བཞིན་ཡོད་ཅིང་། འདས་པའི་ལོ་འགའི་ནང་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དེ་ཨེ་ཅིབ་ཀྱི་མཉམ་ལས་གྲོགས་པོ་ཡིན་པའི་ཆ་ནས་ཨེ་ཅིབ་ཀྱི་འཕེལ་རྒྱས་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཨེ་ཅིབ་ཀྱིས་ཐོག་དང་པོར་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྤེལ་བ་ལས་དོན་དེ་བདེན་དཔང་བྱེད་ཐུབ་ཟེར།

ཅིན་ལི་ཆོན་གྱིས་ཐུག་འཕྲད་བྱེད་སྐབས་ཨེ་ཅིབ་ཀྱིས་ཐེངས་འདིའི་ལོ་ཚོགས་བདེ་བླག་ངང་སྤེལ་བར་བཀའ་དྲིན་ཞུས་པ་དང་། ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཐད་ཀྱི་འཕེལ་རྒྱས་ཉམས་མྱོང་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གིས་ཨེ་ཅིབ་དང་དེའི་དངུལ་ལོར་ལས་ཁུངས་བར་གྱི་མཉམ་ལས་ཟབ་མོར་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨེ་ཅིབ་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་རྒྱུ་ཡིན་ལ། ཁྱད་པར་དུ་ལས་རིགས་གཙོ་བོའི་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིར་དངུལ་གསོག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་རྒྱལ་སྤྱིའི་དངུལ་ལོར་མ་ལག་གི་བཅོས་བསྒྱུར་བྱ་བ་དང་། ཕྱོགས་མང་གསར་སྤེལ་དངུལ་ཁང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་པའི་ཐད་ཀྱི་ནུས་པར་གྲོས་བསྡུར་བྱས།

སྐབས་འདིའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་འོག་གི་རྒྱུན་མཐུད་འཕར་སྣོན་ཅེས་པ་བརྗོད་སྙིང་དུ་བྱས་ཡོད། རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གནད་འགག་གི་དགོས་མཁོ་ལ་དམིགས་ཏེ། ཕྱོགས་མང་མཉམ་ལས་ཀྱི་དཔལ་འབྱོར་འཕར་སྣོན་དང་ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་གཙོར་བཟུང་སྟེ། མང་ཚོགས་ལ་ཁ་གཏད་ནས་གླེང་སྟེགས་ཉི་ཤུ་ལྷག་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།