སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བཞིན་ཡོད། རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པས་གཏམ་བཤད་སྤེལ་ཏེ། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་བའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་གཏན་འཇགས་མིན་པའི་སྣང་ཚུལ་འབྱུང་བཞིན་ཡོད་ཅིང་། ས་ཁུལ་བར་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། འཛམ་གླིང་ཧྲིལ་བོ་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད་པས། ཞི་བདེ་དང་བདེ་འཇགས་ཐད་ནས་སྔར་མེད་ཀྱི་གནོན་ཤུགས་ལ་འཕྲད་ཡོད་ཟེར། ཁོས་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་མ་ལག་ལ་བཅོས་བསྒྱུར་བྱས་ཏེ་ངེས་པ་དོན་གྱི་ཡོངས་ཁྱབ་རང་བཞིན་ལྡན་པར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཡོངས་ཁྱབ་རང་བཞིན་ལྡན་པས། ཡོངས་ཁྱབ་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་མཁོ་གལ་ཆེ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ནི་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་ཕྱོགས་མང་རྐྱེན་སྲོལ་གཅིག་པུ་ཡིན་ཟེར།
སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཕྱེད་ཀ་འདས་ཡོད་ཀྱང་། འཛམ་གླིང་ཧྲིལ་བོ་སྔར་བཞིན་དབུལ་ཕོངས་དང་། ལྟོགས་སྡུག འདྲ་མཉམ་མིན་པ་སོགས་ཀྱི་གནད་དོན་ལ་འཕྲད་ཡོད། རྙོག་འཛིང་གི་འཛམ་གླིང་དཔལ་འབྱོར་གནས་བབ་དང་ས་ཁུལ་གྱི་ཆབ་སྲིད་འགྱུར་ལྡོག་ལས་གནད་དོན་དེ་དག་ཐག་གཅོད་བྱེད་པའི་དཀའ་ཁག་ཇེ་ཆེར་བཏང་ཡོད། རྒྱལ་ཁབ་སོ་སོར་འགྲན་རྩོད་དེ་ཕན་ཚུན་སྦྲེལ་ཡོད་པས་མཉམ་དུ་འགུལ་སྐྱོད་སྤེལ་བ་དང་། མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་ངེས་ཤེས་ཡོད་དགོས་ཟེར།
ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་བལྟས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཐུན་སྒྲིལ་བྱས་ཏེ་མིག་སྔའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དང་ཉེན་ཁ་ཐག་གཅོད་བྱེད་དགོས་པར་འདོད། ཁོས་བཤད་རྒྱུར། ས་ཁུལ་གྱི་ཆབ་སྲིད་ས་ཁོངས་སྔར་ལས་ཁ་བྲལ་དུ་འགྲོ་བར་བཀག་འགོག་བྱེད་པའི་ཕྱོགས་མང་མ་ལག་ཅིག་འཛུགས་པར་ གལ་འགངས་ཧ་ཅང་ཆེ། ཅིར་ཅི་སི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་འཇིགས་ཉེན་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་བསྟན་དོན། མིག་སྔའི་གནས་བབ་འོག འཛམ་གླིང་ཧྲིལ་བོར་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་ཐུན་མོང་འགུལ་སྐྱོད། འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་བཅས་མཁོ་གལ་ཆེ་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་ལ་གཏོར་བརླག་གཏོང་རྩིས་བྱེད་པའི་གཞན་པར་གཅོད་ཀྱི་བྱ་སྤྱོད་མི་རུང་ལ། རིགས་དེ་མཚུངས་ཀྱི་ས་ཁུལ་གྱི་ཆབ་སྲིད་སྡེ་ཚོགས་དག་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རིན་ཐང་དང་རྩ་དོན་ལ་འགལ་ཡོད་པར་མ་ཟད། མི་དམངས་དང་རྒྱལ་ཁབ། ས་ཁུལ། གླིང་ཆེན་བཅས་བར་གྱི་བར་ཐག་ཇེ་རིང་དུ་འགྲོ་བ་དང་། ཡིད་ཆེས་མི་བྱེད་པ་དང་བདེ་འཇགས་མིན་པར་མ་ཟད་ཕན་ཚུན་གཞན་ཕྱོགས་སུ་གཅོད་ངེས་རེད་ཟེར།
མའོ་ལི་ཁྱིག་སིའི་ཙུང་ལི་ཅཱ་ཀི་ནཱ་ཐི་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་སྔར་མེད་དང་ཕན་ཚུན་གཅིག་འབྲེལ་གྱི་ཉམས་ཉེན་ལ་འཕྲད་ཡོད་པ་དང་། ཕྱོགས་མང་མ་ལག་དེ་གནོན་ཤུགས་ཆེན་པོར་འཕྲད་ཡོད། རྒྱལ་ཁབ་གང་རུང་ཞིག་གིས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་དཀའ་ལ། ཕན་ནུས་ལྡན་པའི་ཕྱོགས་མང་མཉམ་ལས་ནི་ས་ཁུལ་བར་གྱི་ཆབ་སྲིད་འགྲན་རྩོད་ཐག་གཅོད་བྱེད་པ་དང་ང་ཚོའི་ཐུན་མོང་གྲོས་རིམ་སྐྱོབ་པའི་ཐར་ལམ་ཉག་ཅིག་ཡིན་ཟེར།
སོ་ལོ་མིན་གླིང་ཚོམས་ཀྱི་ཙུང་ལི་སོ་ཅཱ་ཝ་ལོས་ཀྱིས་བཤད་རྒྱུར། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་བརྗོད་སྙིང་ནི་ཡིད་ཆེས་དང་མཐུན་སྒྲིལ་སླར་གསོ་བྱེད་པ་དེ་ཡིན་ལ། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་དགོངས་དོན་ལ་སྲུང་སྐྱོབ་བྱེད་པ་བརྒྱུད་དེ་ཡིད་ཆེས་དང་མཐུན་སྒྲིལ་སླར་གསོ་བྱེད་དགོས་པའི་རེ་བ་ནན་མོ་བཏོན་ཡོད། ཁོས་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་མི་མྱུར་དུ་དངོས་འབེབས་བྱས་པར་གཟེངས་བསྟོད་བྱས། ཁོས་བལྟས་ན་གྲོས་འདོན་དེ་དག་སོ་ལོ་མིན་གླིང་ཚོམས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་འདོད།
ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཞི་ཨར་གྱིས་བཤད་རྒྱུར། སྣེ་མང་ཅན་གསར་བ་དེ་ངེས་པར་དུ་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས། རྒྱལ་སྤྱིའི་མཐུན་སྒྲིལ་བཅས་ཀྱི་རྨང་གཞིའི་སྟེང་འཛུགས་དགོས། ཝེ་ནེ་ཙུའེ་ལཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱིས་ད་ཡོད་འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་གྱི་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཝེ་ནེ་ཙུའེ་ལཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།