ཝུ་ར་ཀུའེ་ཡི་ཙུང་ཐུང་གིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2023.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁཱ་ལེ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལཱ་ཁཱ་ལེ་ཡིས་ཉིན་དེར་ཝུ་ར་ཀུའེ་ཙུང་ཐུང་བཞུགས་ཤག་ནས་ཝུ་ར་ཀུའེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་ཡཱ་ཀྲུང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཧོང་ཡཱ་ཀྲུང་གིས་ལས་འགན་གསར་དུ་ཁུར་བར་དགའ་བསུ་ཞུས་པར་མ་ཟད། པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་འགོག་སྨན་འདོན་སྤྲོད་བྱས་ནས་ཝུ་ར་ཀུའེ་དཀའ་ཁག་ལས་ཐར་དུ་བཅུག་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

ཧོང་ཡཱ་ཀྲུང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཝུ་ར་ཀུའེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་བྱུང་ཡོད། ཝུ་ར་ཀུའེ་ནི་ཀྲུང་གོའི་ལཱ་ཏེན་མེ་གླིང་ས་ཁུལ་གྱི་བློས་ཐུབ་གྲོགས་པོ་བཟང་བོ་ཡིན་པ་དང་། ཀྲུང་གོ་དང་ཝུ་ར་ཀུའེ་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་ཅིང་མདུན་ལྗོངས་རྒྱ་ཆེ་བ་ཡོད། རང་གི་འགན་ཡུན་ནང་དུ་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།