ཧང་ག་རིའི་ཙུང་ལིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་པར་དལ་བྲེལ་མེད་པའི་ཚུལ་བསྟན།
2023.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་ཉེར་ལྔ་ཉིན་རྒྱལ་ཚོགས་ནས་བསྟན་དོན། ཧང་ག་རི་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་པར་དལ་བྲེལ་མེད་ཟེར།

ཉིན་དེར་ཧང་ག་རིའི་རྒྱལ་ཚོགས་ཀྱི་སྟོན་ཁའི་གྲོས་ཚོགས་མགོ་བརྩམས་པ་དང་། ཨིག་ཨར་པན་གྱིས་ངོ་རྒོལ་ཕྱོགས་ཁག་གི་གྲོས་མིའི་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། སུའེ་ཏེན་གྱི་བདེ་འཇགས་ལ་འཇིགས་ཉེན་གང་ཡང་ཐེབས་མེད་པ་དང་། ཧང་ག་རི་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་པར་དལ་བྲེལ་མེད་ཟེར།

ཧང་ག་རིའི་སྲིད་འཛིན་ཏང་ན་གཞོན་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་ཏང་ཚོགས་མགོ་ཁྲིད་པ་མཱ་ཐེ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཧང་ག་རིའི་རྒྱལ་ཚོགས་ཀྱིས་ད་ལོའི་སྟོན་ཁའི་གྲོས་ཚོགས་སྟེང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་འདེམ་ཤོག་འཕེན་པར་ངེས་པ་ཆེན་པོ་མེད་ཟེར།

སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པར་དུས་མཉམ་དུ་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་བཏོན་པ་རེད། སྒྲིག་སྲོལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་ངེས་པར་དུ་གཅིག་གྱུར་ཡིད་འཐད་བྱུང་ན་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། ཧྥུན་ལན་ལ་ད་ལོའི་ཟླ་བཞི་བར་དངོས་སུ་ཆོག་མཆན་ཐོབ་ནས་བྱང་ཆིངས་རྩ་འཛུགས་སུ་ཞུགས་ཀྱང་། སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ལ་ད་རུང་ཐུར་ཁེ་དང་ཧང་ག་རི་ཡི་ཆོག་མཆན་ཐོབ་མེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།