ཐེངས་བཅུ་གཅིག་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་ནས་ཐུན་མོང་ལྟ་ཚུལ་རབ་དང་རིམ་པ་བཀོད།
2023.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་ཚེས་ཉེར་དྲུག་ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་ཉེར་ལྔ་ཉིན་པེ་ཅིང་ནས་བསྡུས་པའི་ཐེངས་བཅུ་གཅིག་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་ནས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཆེ་མཐོང་དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་། ཐོན་ལས་མུ་འབྲེལ་མཁོ་འདོན། དངུལ་ལོར་མཉམ་ལས་བཅས་ཆེད་དོན་བཞིར་དམིགས་ནས་དངོས་གཉེར་དང་རྣམ་དག ཕན་འབྲས་ལྡན་པའི་གྲོས་བསྡུས་བྱས། ཕྱོགས་གཉིས་ཀྱིས་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་དང་ཐོན་ལས་མུ་འབྲེལ་མཁོ་འདོན་གྱི་མཉམ་ལས། དངུལ་ལོར་ལས་རིགས་ཀྱི་ཕྱོགས་གཉིས་སྒོ་འབྱེད། ལྟ་རྟོག་དོ་དམ་མཉམ་ལས་སོགས་ཀྱི་གྲུབ་འབྲས་དང་ཐུན་མོང་ལྟ་ཚུལ་རབ་དང་རིམ་པ་བཀོད་ཡོད།

ཕྱོགས་གཉིས་ཀྱིས་བལྟས་ན། མིག་སྔའི་འཛམ་གླིང་ཧྲིལ་བོ་ལོ་རྒྱུས་ཀྱི་འགྱུར་ལྡོག་གི་སྐབས་སུ་གནས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་ཞན་པར་འདོད། གནས་བབ་འདི་འདྲའི་འོག ཀྲུང་གོ་དང་ཡོ་རོབ་གླིང་གིས་གྲོས་མོལ་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་བསལ་གྱི་དོན་སྙིང་ལྡན་ཟེར། ལོ་ངོ་ཉི་ཤུའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་དངོས་གཉེར་མཉམ་ལས་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ཐེངས་ཉེར་བཞི་བའི་ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་གྱི་ཆེད་དུ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནས་གྲ་སྒྲིག་གང་ལེགས་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངུལ་ལོར་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་གཏོང་བར་འཐད་པ་བྱུང་།

ཕྱོགས་གཉིས་ཀྱིས་སྒོ་འབྱེད་སྲུང་འཛིན་བྱས་ཏེ་ཕ་རོལ་བའི་ཁེ་ལས་ལ་འདྲ་མཉམ་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཁས་ལེན་བྱས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་བར་དུས་བཅད་ལྟར་ཀྲུང་གོ་དང་ཡོ་རོབ་གླིང་དཔལ་འབྱོར་ཉོ་ཚོང་མཉམ་འདྲེས་ཨུ་ཡོན་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དངུལ་གཏོང་སྲིད་ཇུས་ཀྱི་གྲོས་མོལ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་བྱ་བའི་ཚན་ཆུང་སོགས་ཀྱི་གྲོས་མོལ་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ནས། ཀྲུང་གོའི་ཚོང་དོན་པུའུ་དང་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་ཉོ་ཚོང་སྤྱི་ཁྱབ་སིའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།