སུའེ་ཏེན་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་ཉམས་ཉེན་ཐག་གཅོད་གྲོས་ཚོགས་བསྡུས་ཏེ། ཉེ་སྔོན་རྒྱལ་ཁབ་རང་ནས་བསྟུད་མར་བྱུང་བའི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པར་བརྩོན་ལེན་བྱས།
སུའེ་ཏེན་གྱི་ས་ཁུལ་སོ་སོའི་སྲིད་གཞུང་དང་ཉེན་རྟོག་པ། རྒུད་སྐྱོབ་ཞབས་ཞུའི་མཐུན་ཚོགས། ལས་རིགས་རྩ་འཛུགས། བཟོ་ཚོགས་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས་ནས། སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་ལ་གནོད་པ་བཟོ་བའི་འགས་གཏོར་དང་མེ་མདས་བརྒྱབ་པའི་དོན་རྐྱེན་ཇི་ལྟར་ཐག་གཅོད་བྱེད་པར་མཉམ་དུ་གྲོས་བསྡུར་བྱས་པ་དང་། ཕྱོགས་སོ་སོས་རོགས་ལས་བྱེད་པའི་འཕྲལ་མྱུར་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས་པར་མ་ཟད། ཁྲིམས་འགལ་འགད་རྫས་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་འཆར་འགོད་གཏན་འབེབས་བྱས།
སུའེ་ཏེན་གྱི་ཁྲིམས་འཛིན་བློན་ཆེན་སི་ཐི་ལེ་མའོ་ཡིས་བསྟན་དོན། འགས་གཏོར་དང་མེ་མདས་བརྒྱབ་པའི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་གྱིས་ཉིན་རེ་བཞིན་ཉེས་མེད་མང་ཚོགས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པ་དང་། ངེས་པར་དུ་སྤྱི་ཚོགས་ཀྱི་ཐུན་མོང་སྟོབས་ཤུགས་བེད་སྤྱད་ནས་ནག་ཉེས་བྱ་སྤྱོད་ལ་ཆམ་ཕབ་བཏང་ནས་གནས་བབ་དེ་ལེགས་བསྒྱུར་བྱེད་དགོས་ཟེར།
སུའེ་ཏེན་བརྙན་འཕྲིན་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། སུའེ་ཏེན་ནས་ད་ལོར་འཁྲུག་རྩོད་ཕྱོགས་ཁག་དག་ལ་འབྲེལ་བའི་འགས་གཏོར་དོན་རྐྱེན་བརྒྱ་དང་སུམ་ཅུ་ལྷག་བྱུང་བ་དང་། ལོ་སྟོད་ཁོ་ནར་ཐེངས་གོ་གཅིག་བྱུང་ཡོད་ལ། ན་ནིང་གི་སྤྱི་གྲངས་ལས་བརྒལ་ཡོད། འགས་གཏོར་དོན་རྐྱེན་མང་ཆེ་བ་རྒྱལ་ས་སི་ཏི་ཀི་ཨར་མའོ་ས་ཁུལ་དང་ལྷོ་ཕྱོགས་ས་ཁུལ་ནས་བྱུང་བ་རེད་ཟེར།
སི་ཏི་ཀི་ཨར་མའོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ཙམ་ཡོད་པའི་ལིན་ཞོས་ཕེན་གྲོང་ཁྱེར་ནས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོ་དང་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་སོ་སོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་མང་བོར་རྨས་ཕོག ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ས་ཁོངས་བཀག་སྡོམ་བྱས་ནས་འབྲེལ་ཡོད་རྟོག་ཞིབ་བྱ་བ་སྤེལ་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།