སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་གྲོལ།
2023.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོལ།

སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་ཚོགས་འདུ་གྲོལ་སྐབས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་ཁྲིད་པ་བརྒྱ་དང་སོ་དྲུག་གིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བ་དང་། ཉེ་བའི་ལོ་འགའི་རིང་གི་ཆེས་མང་བའི་ཟིན་ཐོ་བསྐྲུན་ཡོད་ཟེར། ཧྥོ་ལིང་ཞི་སི་ཡིས་བཤད་རྒྱུར། ཁོས་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་མགོ་རྩོམ་སྐབས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་དང་ཐུན་མོང་འགུལ་སྐྱོད་སྤེལ་བའི་རེ་འདུན་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། ཁོ་རང་འདས་པའི་གཟའ་འཁོར་གཅིག་རིང་གི་གོང་འཕེལ་ལ་ཡིད་འགུལ་ཐེབས་ཡོད་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དྲག་ཆས་འཁྲུག་རྩོད་མཚམས་འཇོག་པ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་དོན་དངོས་འགུལ་སྐྱོད་སྤེལ་དགོས་པའི་སྐུལ་མ་བཏང་།

སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས་པ་རེད། བརྗོད་སྙིང་ནི་ཡིད་ཆེས་དང་མཐུན་སྒྲིལ་སླར་གསོ་སྟེ། མྱུར་མོར་འགུལ་སྐྱོད་སྤེལ་ནས་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་དང་དེའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱས་ཏེ་མི་ཚང་མའི་ཆེད་དུ་ཞི་བདེ་དང་དར་རྒྱས། གོང་འཕེལ། རྒྱུན་མཐུད་རང་བཞིན་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་པའི་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྐབས་སུ་འཕེལ་རྒྱས་ཀྱི་དངུལ་གསོག་མཐོ་རིམ་གྲོས་ཚོགས་དང་ནམ་ཟླའི་བློ་སྤོབས་མཐོ་རིམ་གྲོས་ཚོགས། མ་འོངས་པའི་མཐོ་རིམ་གྲོས་ཚོགས་ཀྱི་པུའུ་ཀྲང་རིམ་པའི་གྲ་སྒྲིག་གྲོས་ཚོགས་སོགས་བྱ་འགུལ་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།