ཁྲའོ་ཞན་གྱིས་རང་གི་མངའ་ཁོངས་སུ་ཡོང་བའི་ཨ་མེ་རི་ཁའི་དམག་མི་མཐར་སྤྲོད་གཏོང་རྒྱུ་ཐག་བཅད།
2023.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་རྒྱལ་མཚམས་བརྒལ་ནས་བཀག་འཇུག་བྱས་ཡོད་པའི་ཨ་མེ་རི་ཁའི་དམག་མི་ཐི་ལཱ་ཝེ་སི་ཅིན་མཐར་སྐྲོད་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

ཁྲའོ་ཞན་ཕྱོགས་ཀྱི་རྟོག་ཞིབ་མཇུག་འབྲས་ལས་བཤད་རྒྱུར། ཐི་ལཱ་ཝེ་སི་ཅིན་ཁྲིམས་འགལ་གྱིས་ཁྲའོ་ཞན་དུ་ཡོང་བ་ཁས་ལེན་བྱས་ཡོད་པར་མ་ཟད། ཁོ་རང་ཨ་མེ་རི་ཁའི་དམག་དཔུང་ནང་ཁུལ་གྱི་ཡ་ང་བའི་མནར་གཅོད་དང་རིགས་རྒྱུད་མཐོང་ཆུང་སྣང་ཚུལ་ལ་ཞེན་པ་ལོག་ཡོད་ལ། འདྲ་མཉམ་མིན་པའི་ཨ་མེ་རི་ཁའི་སྤྱི་ཚོགས་ལ་རེ་ཐག་ཆད་ཡོད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། པན་མིན་ཏེན་གྱི་ཐུན་མོང་ཉེན་ཟོན་ཁུལ་ནས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་རིམ་པ་གཉིས་པའི་དམག་མི་ཐི་ལཱ་ཝེ་སི་ཅིན་ཁྲིམས་འགལ་གྱིས་ཁྲའོ་ཞན་མངའ་ཁོངས་སུ་བཙན་འཛུལ་བྱས་པའི་དོན་རྐྱེན་བྱུང་། ཐི་ལཱ་ཝེ་སི་ཅིན་ཉིན་དེར་གནས་སྐོར་བར་བརྫུས་ནས། པན་མིན་ཏེན་གྱི་ཐུན་མོང་ཉེན་ཟོན་ཁུལ་དུ་ལྟ་སྐོར་བྱེད་སྐབས་བསམ་བཞིན་དུ་ཁྲའོ་ཞན་ཕྱོགས་ཀྱི་ས་ཁོངས་སུ་བཙན་འཛུལ་བྱས། དེའི་རྗེས་སུ་ཁྲའོ་ཞན་མི་དམངས་དམག་གི་ལས་རེས་དམག་མིས་འཛིན་བཟུང་བྱས། རྟོག་ཞིབ་བྱེད་སྐབས་ཐི་ལཱ་ཝེ་སི་ཅིན་གྱིས་ཁྲའོ་ཞན་དང་ཡང་ན་རྒྱལ་ཁབ་གཞན་པར་སྐྱབས་བཅོལ་བྱེད་ཐུབ་པར་རེ་བཞིན་ཡོད་པ་རེད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བདེན་དཔང་བྱས་དོན། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལས་ཕྱིར་བུད་པའི་དམག་མི་ཞིག་ཉིན་དེར་ཆོག་མཆན་མ་ཐོབ་པར། པན་མིན་ཏེན་གྱི་ཐུན་མོང་ཉེན་ཟོན་ཁུལ་གྱི་དམག་དོན་རྒྱལ་མཚམས་བརྒལ་ནས་ཁྲའོ་ཞན་དུ་སོང་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།