དབྱི་རག་གི་གཉེན་སྟོན་ཞིག་ནས་མེ་སྐྱོན་ཆེན་པོ་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱ་རྐྱེན་ལམ་དུ་ཤོར།
2023.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

དབྱི་རག་སྨྱན་བྱད་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཚེས་ཉེར་དྲུག་ཉིན་གྱི་ནམ་གུང་། དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་ཧཱ་མུའུ་ཏཱ་ནེ་ཡེ་གྲོང་རྡལ་དུ་སྤེལ་བའི་གཉེན་སྟོན་ཞིག་གི་སྟེང་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་རྐྱེན་ལམ་དུ་ཤོར།

དབྱི་རག་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་པཱ་ཏི་ཨར་གྱིས་བཤད་རྒྱུར། ནེ་ནེ་ཝེ་ཞིང་ཆེན་གྱི་འཕྲོད་བསྟེན་ཅུའུ་ཡིས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མེ་སྐྱོན་དེ་ལས་མི་བརྒྱ་དང་ལྔ་བཅུར་རྨས་སྐྱོན་བཟོས་ཡོད་ཟེར།

དབྱི་རག་དམངས་སྲུང་སྤྱི་ཁྱབ་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། གཉེན་སྟོན་བྱེད་སའི་ཚོམས་ཆེན་དེར་འབར་སླ་བའི་བཟོ་སྐྲུན་རྒྱུ་ཆ་བཀོལ་ཡོད་པར་མ་ཟད། ཉེན་བརྡ་གཏོང་བ་དང་མེ་གསོད་ཀྱི་སྒྲིག་ཆས་མེད་ཟེར། ཐོག་མའི་སྙན་ཞུ་ལས་བསྟན་དོན། གཉེན་སྟོན་སྐབས་སུ་ཤོག་སྦགས་བཀད་པ་ལས་མེ་སྐྱོན་བྱུང་བ་ཡིན་ལ། མེ་སྐྱོན་དེ་ལས་ཚོམས་ཁང་ཆེན་མོར་རྡིབས་སྐྱོན་བྱུང་ཡོད་ཟེར།

དབྱི་རག་དམངས་སྲུང་སྤྱི་ཁྱབ་ཅུའུ་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།