སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པས་སི་རི་ཡཱ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
2023.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་སཱ་པཱ་ཀི་ཡིས་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱི་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སི་རི་ཡཱ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཁོས་བཤད་རྒྱུར། སི་རི་ཡཱ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཝན་དང་ཞང་ཀང་། ཞིན་ཅང་སོགས་གནད་དོན་ཐད་ནས་རང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་གཡོ་ཇུས་འགོག་རྒོལ་བྱེད་ཆེད་སྤྱད་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད། ཀྲུང་གོས་རང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་གཞན་གྱིས་འཕྲོག་ཏུ་མེད་པའི་ཁེ་དབང་ལྡན་པ་ནན་བཤད་བྱས།

སཱ་པཱ་ཀི་ཡིས་ད་རུང་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་བཀག་སྡོམ་ལ་རྒོལ་གཏམ་བཏང་སྟེ། ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་གཏོང་བའི་དམག་དོན་འགུལ་སྐྱོད་དང་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སི་རི་ཡཱ་དང་འབྲེལ་ཡོད་རྒྱལ་ཁབ་གཞན་པར་དམིགས་པའི་ཕྱོགས་གཅིག་གི་འཇིགས་སྐུལ་བྱེད་ཐབས་གང་རུང་མེད་པར་གཏོང་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།