སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་གྱིས་སྟོབས་ཤུགས་ཡོད་ཚད་ཀྱིས་དྲག་ཤུགས་དོན་རྐྱེན་ལ་ཆམ་ཕབ་ནན་མོ་གཏོང་རྒྱུའི་ཚུལ་བསྟན།
2023.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གིས་སི་ཏི་ཀི་ཨར་མའོ་ནས་ཉེ་སྔོན་བསྟུད་མར་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་དང་འགས་གཏོར་སོགས་དྲག་ཤུགས་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་རྒྱལ་ཡོངས་ལ་གཏམ་བཤད་སྤེལ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། སུའེ་ཏེན་གྱིས་དགོས་ངེས་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། སྟོབས་ཤུགས་གང་རུང་བར་རོགས་ལས་བྱས་ནས་ཚོགས་ཁག་གི་ནག་ཉེས་དང་སྤྱི་ཚོགས་ལ་གནོད་པ་བཟོ་བའི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ལ་ཆམ་ཕབ་གཏོང་དགོས་ཟེར།

ཁི་ལི་སི་ཐི་སུང་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་སུའེ་ཏེན་ནས་ཉེ་སྔོན་བསྟུད་མར་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་དང་འགས་གཏོར་སོགས་དྲག་ཤུགས་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་རྒྱལ་ཡོངས་ལ་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། སུའེ་ཏེན་ལ་མཚོན་ན་ད་ལྟ་ནི་དཀའ་ཁག་ཆེ་བའི་དུས་སྐབས་ཤིག་ཡིན་པ་དང་། སུའེ་ཏེན་གྱིས་ངེས་པར་དུ་ཚོགས་ཁག་གི་ནག་ཉེས་ལ་ཆམ་ཕབ་གཏོང་དགོས། ཁོས་ཚེས་ཉེར་དགུའི་ཉིན་ཉེན་རྟོག་ཕྱོགས་དང་དྲག་ཆས་དམག་དཔུང་གི་མགོ་ཁྲིད་པར་ཐུག་འཕྲད་བྱས་ཏེ། དྲག་ཆས་དམག་དཔུང་གིས་ནག་ཉེས་ཚོགས་ཁག་ལ་ཆམ་ཕབ་གཏོང་བར་རོགས་ལས་བྱེད་པའི་ཐད་ནས་གྲོས་བསྡུར་བྱས། དེའི་ཞོར་དུ་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་དང་ཉེས་དོན་སྲིད་ཇུས་སོགས་ཐད་ནས་བྱེད་ཐབས་གསར་བ་རེ་འགའ་བཏོན་ཡོད་ཟེར།

གཞན་ཡང་སུའེ་ཏེན་སྨྱན་བྱད་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། སུའེ་ཏེན་དྲག་ཆས་དམག་དཔུང་གི་ཆེས་མཐོའི་བཀོད་འདོམ་དཔོན་པོ་པུས་ཏིན་གྱིས་བསྟན་དོན། དྲག་ཆས་དམག་དཔུང་གིས་ཉེན་རྟོག་ཕྱོགས་ཀྱིས་དྲག་ཤུགས་དོན་རྐྱེན་དེ་དག་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།