ཁོ་སི་ཐཱ་རེ་ཁཱ་ཡིས་གནས་སྤོར་སྡོད་དམངས་ཀྱི་ཉམས་ཉེན་དབང་གིས་དོགས་ཟོན་མཐོར་འདེགས་བྱས།
2023.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཁོ་སི་ཐཱ་རེ་ཁཱ་ཡིས་ཚེས་ཉེར་བདུན་ཉིན་གནས་སྤོར་སྡོད་དམངས་ཀྱི་ཉམས་ཉེན་དབང་གིས་དོགས་ཟོན་མཐོར་འདེགས་བྱས།

ཁོ་སི་ཐཱ་རེ་ཁཱའི་ཙུང་ཐུང་ཁྲ་ཝེ་སི་ཡིས་ཚེས་དྲུག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། རང་གི་མངའ་ཁོངས་སུ་ཡོང་བའི་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་བས་ཁོ་སི་ཐཱ་རེ་ཁཱ་ཡིས་ཁུར་དུ་ལེན་ཐབས་མེད་པ་དང་། ཁོས་ཁོ་སི་ཐཱ་རེ་ཁཱའི་རྒྱལ་ཁབ་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ནས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱེད་པའི་རེ་བ་བཏོན་ཡོད་ལ། བྲེལ་མྱུར་དོགས་ཟོན་མཐོར་འདེགས་ཀྱི་བཅའ་ཁྲིམས་དེ་ཚེས་ཉེར་བདུན་ཉིན་ནས་ནུས་ལྡན་དུ་གྱུར་ཡོད།

ཁོ་སི་ཐཱ་རེ་ཁཱའི་རྒྱལ་ཁབ་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕིས་ཁཱ་ཏའོ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་མཐོར་འདེགས་བཅའ་ཁྲིམས་དེ་ནུས་ལྡན་དུ་གྱུར་རྗེས། རྒྱལ་ཁབ་བྲེལ་མྱུར་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གི་ལས་ཁུངས་གཞན་པས་ཁྲིམས་ལྟར་མ་དངུལ་ཁ་སྣོན་བྱས་ཆོག་ལ། ཉེན་ཟོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ་གནས་སྤོར་སྡོད་དམངས་དང་ལེན་བྱེད་པའི་ནུས་པ་མཐོར་འདེགས་བྱས་ནས་རང་གི་མངའ་ཁོངས་སུ་ཡོང་བའི་གནས་སྤོར་སྡོད་དམངས་ལ་སྔར་ལས་དོ་དམ་བཟང་བོ་བྱེད་དགོས་ཟེར།

ཁོ་སི་ཐཱ་རེ་ཁཱའི་སྲིད་གཞུང་གི་བསྡོམས་རྩིས་གཞི་གྲངས་ལྟར་ན། ད་ལོའི་ཚུན་ལ། རྒྱལ་ཁབ་དེར་ཡོང་བའི་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་བ་དང་། རིམ་བརྩིས་བྱས་ན་མི་འབུམ་གསུམ་དང་ཁྲི་བརྒྱད་སྟོང་དྲུག་ལ་བསླེབས་ཡོད། ཟླ་དགུ་བ་ནས་བཟུང་ཟླ་ངོ་གཅིག་ཙམ་གྱི་རིང་ལ་གནས་སྤོར་སྡོད་དམངས་ཁྲི་དྲུག་ལྷག་ཁོ་སི་ཐཱ་རེ་ཁཱ་དང་ཕཱ་ནཱ་མཱའི་རྒྱལ་མཚམས་ཀྱི་ཕཱ་སོ་ཁཱ་ནོའུ་ཨ་སི་གྲོང་རྡལ་བརྒྱུད་ནས་མངའ་ཁོངས་སུ་ཡོང་ཡོད་པ་དང་། གྲོང་རྡལ་དེར་སྡོད་དམངས་ཁྲི་གཉིས་ཙམ་ལས་མེད། ཁོ་སི་ཐཱ་རེ་ཁཱ་ཡིས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཕཱ་སོ་ཁཱ་ནོའུ་ཨ་སི་ས་ཁུལ་དུ་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་བའི་དབང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།