ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆའི་སྲིད་ཇུས་དེ་རྩ་ཁྲིམས་ནང་འཇོག་རྒྱུ་རེད།
2023.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་གིས་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཝན་ཧྲིག་ཐེ་གྲོས་དོན་ཁང་ནས་གྲོས་ཚོགས་བསྡུས་ཏེ། རྩ་ཁྲིམས་བཟོ་བཅོས་དང་ཁ་གསབ་བྱེད་པའི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉིང་རྡུལ་མཚོན་ཆའི་སྲིད་ཇུས་དེ་རྩ་ཁྲིམས་ནང་འཇོག་རྒྱུ་རེད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོས་ལུང་ཧེ་ཡིས་སྙན་ཞུ་ཕུལ་ཏེ་བཤད་རྒྱུར། རྩ་ཁྲིམས་བཟོ་བཅོས་ཁ་གསབ་བྱེད་པའི་གྲོས་གཞིའི་དམིགས་ཡུལ་ནི་རྩ་ཁྲིམས་ལས་ཉིང་རྡུལ་མཚོན་ཆའི་རྒྱལ་ཁབ་འགོག་སྲུང་ཁྲོད་ཀྱི་གོ་གནས་དང་ཉིང་རྡུལ་མཚོན་ཆའི་འཛུགས་སྐྲུན་ལ་འབྲེལ་བའི་རྒྱལ་ཁབ་ཀྱི་འགུལ་སྐྱོད་རྩ་དོན་གཏན་འཁེལ་བྱེད་པའི་ཆེད་དུ་ཡིན་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ལོ་ངོ་གཅིག་གི་ཡར་སྔོན་བཅའ་ཁྲིམས་སྟེང་ནས་རྒྱལ་ཁབ་ཀྱི་ཉིང་རྡུལ་མཚོན་ཆའི་སྲིད་ཇུས་གཏན་འཁེལ་བྱས་རྗེས། ཐེངས་འདིར་རྩ་ཁྲིམས་ནང་དུ་ཉིང་རྡུལ་མཚོན་ཆའི་འཕེལ་རྒྱས་ཚད་མཐོ་ཅན་མངོན་འགྱུར་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་སྡོད་དབང་ཆ་དང་འཕེལ་རྒྱས་དབང་ཆར་འགན་སྲུང་བྱེད་པ་དང་། འཐབ་འཁྲུག་ལ་ཚོད་འཛིན་བྱེད་པ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་སོགས་གཏན་འཁེལ་གསལ་བོ་བྱས་ནས་གྲོས་འཆམ་བྱུང་ཡོད་ལ། དེར་དོན་སྙིང་གལ་ཆེན་ལྡན་ཟེར།

ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བར་ཉིང་རྡུལ་མཚོན་ཆའི་སྲིད་ཇུས་བཅའ་ཁྲིམས་བཀའ་རྒྱར་གྲོས་མཐུན་བཀོད་པ་རེད།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་ཨ་མེ་རི་ཁས་རྒྱུན་ཆད་མེད་པར་ཁྲའོ་ཞན་གྱི་སྲིད་དབང་རྩ་རྫོགས་བྱེད་པའི་བཙན་འཛུལ་འཐབ་འཁྲུག་སློང་བཞིན་བསླངས་པ་དང་། ཁྲའོ་ཞན་གྱི་ཉིང་རྡུལ་འཐབ་འཁྲུག་གི་འཇིགས་ཉེན་ཤུགས་ཚད་ཇེ་ཆེར་བཏང་བར་རྒོལ་གཏམ་བཏང་། ཅིན་ཀྲིན་ཨིན་གྱིས་ད་རུང་ཨ་མེ་རི་ཁས་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དམག་དོན་མནའ་མཐུན་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས་མཇུག་མཐར་ཨེ་ཤ་ཡཱའི་རྣམ་པ་ཅན་གྱི་བྱང་ཆིངས་རྩ་འཛུགས་ཤིག་ཆགས་ནས་ངོ་བོ་རང་བཞིན་ལྡན་པའི་ཆེས་ཆེ་བའི་འཇིགས་ཉེན་བཟོ་འདོད་ཡོད་པར་རྒོལ་གཏམ་བཏང་ཡོད། ཅིན་ཀྲིན་ཨིན་གྱིས་ད་རུང་བབ་བསྟུན་གྱིས་ཕྱི་ཕྱོགས་བྱ་བ་སྤེལ་ནས། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་ཀྱི་བཙན་དབང་འཐབ་ཇུས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་དག་གི་བར་སྔར་ལས་མཐུན་སྒྲིལ་ཟབ་མོ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།