འཇར་མན་གྱིས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་བར་གྱི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།
2023.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་པའོ་ལིན་ནས་འཚམས་འདྲིར་ཡོང་བའི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པ་དང་མཉམ་དུ་མཐོ་རིམ་གྲོས་ཚོགས་བསྡུས། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་སོ་སོས་ནུས་ཁུངས་དང་མ་བཅོས་རྒྱུ་ཆ། རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཁྱབ་ཁོངས་ཀྱི་ད་ཡོད་མཉམ་ལས་རྒྱ་བསྐྱེད་པར་འཐད་པ་བྱུང་།

ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཐུའུ་ཁུའུ་མན་སི་སི་ཐན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་ཨར་པན་ཀུའུ་ལེ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་བཅས་མཐོ་རིམ་གྲོས་ཚོགས་ལ་ཞུགས།

སྔ་ཉིན་ཧྲའོ་ཨར་ཚི་ཡིས་པའོ་ལིན་ནས་ཐའོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཧཱ་སག་སི་ཐན་ནི་འཇར་མན་གྱི་ནུས་ཁུངས་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། ཧཱ་སག་སི་ཐན་གྱིས་མ་བཅོས་རྒྱུ་ཆ་གཙོ་བོའི་མཁོ་འདོན་ཐད་ནས་འཇར་མན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཇར་མན་གྱིས་ནུས་ཁུངས་སྤོར་བསྒྱུར་ལ་རོགས་རམ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་དངོས་ཟོང་ནང་འདྲེན་ཕྱིར་གཏོང་གི་ཁྱབ་ཁོངས་རྒྱ་བསྐྱེད་པར་འཐད་པ་བྱུང་ཡོད་པར་མ་ཟད། རྡོ་སྣུམ་དང་རང་བྱུང་སོལ་རླངས། རྫས་འགྱུར་བཟོ་ལས། ལྕགས་རིག་བཙོ་སྦྱངས། དངོས་སྐྱེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱི་བྱ་བ་གཙོ་བོ་ནི་སྔར་ལས་ལྷག་པའི་སྒོ་ནས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ཧཱ་སག་སི་ཐན་གྱིས་འཇར་མན་གྱི་རྡོ་སྣུམ་མཁོ་འདོན་ཇེ་མང་དུ་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།