ཨ་ཧྥུའུ་ཧན་གནད་དོན་གྱི་མའོ་སི་ཁོའི་རྣམ་པའི་གྲོས་མོལ་གྱི་གྲོས་ཚོགས་ཐེངས་ལྔ་བ་ཨུ་རུ་སིའི་ཁཱ་ཧྲན་ནས་བསྡུས།
2023.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་ཉེར་དགུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གནད་དོན་གྱི་མའོ་སི་ཁོའི་རྣམ་པའི་གྲོས་མོལ་གྱི་གྲོས་ཚོགས་ཐེངས་ལྔ་བ་ཉིན་དེར་ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཁཱ་ཧྲན་གྲོང་ཁྱེར་ནས་བསྡུས་པ་དང་། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ས་ཁུལ་གྱི་བདེ་འཇགས་དང་ཨ་ཧྥུའུ་ཧན་ས་ཁུལ་དེའི་དཔལ་འབྱོར་འཕེལ་རིམ་ནང་འདྲེས་པར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཕྱོགས་ཁག་སོ་སོས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་ཀྱིས་འཁྲུག་རྩོད་རྗེས་ཀྱི་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་བསྐྱར་འཛུགས་ཐད་འགན་གཙོ་བོ་ཁུར་དགོས་པ་དང་། མྱུར་མོར་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་གྱི་བཀག་རྒྱ་མེད་པར་གཏོང་དགོས་པར་འདོད། ཕྱོགས་ཁག་སོ་སོས་ཨ་ཧྥུའུ་ཧན་གྱིས་ངེས་པ་དོན་གྱི་བཟོད་སྒོམ་རང་བཞིན་ལྡན་པའི་སྲིད་གཞུང་ཞིག་འཛུགས་དགོས་པའི་འབོད་སྐུལ་བཏང་བ་དང་། དེའི་ཞོར་དུ་འཇིགས་སྐུལ་ངོ་རྒོལ་དང་དུག་འགོག་ཤུགས་ཚད་ཇེ་ཆེར་གཏོང་དགོས་པར་མ་ཟད། མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད།

གྲོས་ཚོགས་ནས་བསྒྲགས་གཏམ་སྤེལ་ཏེ། ཕྱོགས་ཁག་སོ་སོས་ཨ་ཧྥུའུ་ཧན་གྱི་ད་ལྟའི་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་དུག་འགོག་ཐད་ཀྱི་བྱ་བར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཨ་ཧྥུའུ་ཧན་དེ་སྒེར་ཚུགས་དང་གཅིག་གྱུར། ཞི་བདེ་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་པ་དང་། ཁ་གཡོར་ས་གང་རུང་གིས་ཨ་ཧྥུའུ་ཧན་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་རྒྱལ་ཁབ་གསུམ་པའི་དམག་དོན་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ་དེ་དང་ལེན་བྱེད་ཐབས་མེད་ཟེར།

ཨུ་རུ་སི་དང་ཀྲུང་གོ། ཕཱ་ཁི་སི་ཐན། དབྱི་ལིང་། རྒྱ་གར། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་མུའུ་ཐཱ་ཅི་གྲོས་ཚོགས་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།