ཕཱ་ཁི་སི་ཐན་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་ང་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་དྲུག་ཅུར་རྨས་ཕོག
2023.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་ནས་ཚེས་ཉེར་དགུ་ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བསྡོམས་པས་ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུར་རྨས་ཕོག

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ཡི་ཉེན་རྟོག་ཅུའུ་ཡི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གི་སྤྱི་ཁྱབ་ཉེན་རྟོག་པ་གཞོན་པ་ཀི་ལཱ་ཡཱ་ཡིས་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་མའོ་སི་ཏུང་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་གི་ཉེ་འདབས་སུ་དབྱི་སི་ལན་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་འདུ་ཚོགས་ཡུལ་དངོས་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུར་རྨས་ཕོག་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་ས་ཁུལ་དེའི་སྨན་ཁང་ཚང་མས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཅིང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ཡོད་ལ། རྨས་མ་ལ་ལའི་གནས་ཚུལ་ཚབས་ཆེན་ཡིན་པས། ཚོད་དཔག་བྱས་པ་ལྟར་ན་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མུ་མཐུད་དུ་ཇེ་མང་ལ་འགྲོ་སྲིད་ལ། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

པུའུ་ལུའུ་ཀྲི་ཞིང་ཆེན་སྲིད་གཞུང་གིས་མ་འོངས་པའི་ཉིན་གསུམ་ནང་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་ཐོག་ཁང་ཆེན་མོ་དག་གིས་རྒྱལ་དར་ཕྱེད་མར་ཕབ་རྒྱུ་རེད།

འགས་གཏོར་འཇབ་རྒོལ་དོན་རྐྱེན་གཞན་པ་ཞིག་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཧིན་ཀུའུ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ནས་བྱུང་། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱི་བྲེལ་མྱུར་རྒུད་སྐྱོབ་རྩ་འཛུགས་རྒུད་སྐྱོབ་གཅིག་གཅིག་གཉིས་གཉིས་ཀྱི་མགྲིན་ཚབ་པ་ཧྥ་དབྱེ་ཆི་ཡིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་དྲག་ཆས་ཉེས་ཅན་གཉིས་ཀྱིས་ཉེན་རྟོག་ཅུའུ་ལ་འཇབ་རྒོལ་བྱས་པ་དང་། དེའི་ནང་མི་གཅིག་སྒོ་ཆེན་ཁ་ནས་བསད་པ་དང་། མི་གཞན་པ་ཞིག་ཉེན་རྟོག་ཅུའུ་ཡི་ནང་ངོས་ཀྱི་དབྱི་སི་ལན་ཆོས་ཁང་དུ་འཛུལ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བྱུང་བ་རེད། འགས་གཏོར་ལས་དབྱི་སི་ལན་ཆོས་ཁང་གི་ཁང་ཀླད་རྡིབས་སྐྱོན་བྱུང་བ་དང་། མི་ལ་ལ་ཞིག་རོའི་འོག་ཏུ་མནན་ཡོད། མིག་སྔར་རྒུད་སྐྱོབ་བྱ་བ་ཕལ་ཆེར་མཇུག་སྒྲིལ་ཡོད་ལ། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ཡོད། རྨས་མ་སྐོར་ཞིག་གི་གནས་ཚུལ་ཚབས་ཆེན་ཡིན་པས་ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་ཇེ་མང་དུ་འགྲོ་སྲིད་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཁཱ་ཁཱ་ཨར་གཉིས་ཀྱིས་སོ་སོར་གསལ་སྒྲོག་སྤེལ་ནས། ཉིན་དེར་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོར་སྙིང་ཐག་པ་ནས་མྱ་ངན་ཞུས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཤུགས་ཆེན་པོས་རྨས་མ་མྱུར་སྐྱོབ་བྱེད་དགོས་པའི་མཛུབ་སྟོན་བྱས།

མིག་སྔའི་བར་དུ་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་གོང་གི་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།