མུའུ་ཡུན་ཙུའུ་མར་ཏའེ་ཝེའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་།
2023.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མར་ཏའེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་པའི་མཇུག་འབྲས་ལྟར་ན། གོང་འཕེལ་ཚོགས་ཆེན་མནའ་འབྲེལ་གྱི་འདེམ་སྒུག་པ། མཱ་ལོས་གྲོང་ཁྱེར་གྱི་ཧྲི་ཀྲང་མུའུ་ཡུན་ཙུའུ་ལ་ཉིན་དེར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ནས། མར་ཏའེ་ཝེའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་།

མར་ཏའེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་དེར་བསྡོམས་པས་འདེམ་དམངས་འབུམ་གཉིས་དང་ཁྲི་བཞི་སྟོང་དྲུག་ལྷག་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་གྱ་བདུན་ལས་བརྒལ་ཡོད། མུའུ་ཡུན་ཙུའུ་ལ་བརྒྱ་ཆའི་ང་བཞིའི་འདེམ་ཤོག་ཐོབ་ཡོད་པ་དང་། ཁོའི་འགྲན་ཡ་ད་ལྟའི་ཙུང་ཐུང་སཱ་ལེ་ཧི་ལ་བརྒྱ་ཆའི་ཞེ་དྲུག་གི་འདེམ་ཤོག་ཐོབ་ཡོད། སཱ་ལེ་ཧི་ཡིས་དྲ་ཚིགས་བརྒྱུད་དེ་མུའུ་ཡུན་ཙུའུ་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

མར་ཏའེ་ཝེ་ཡིས་ཟླ་དགུ་བའི་ཚེས་དགུ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ཡང་། འདེམ་སྒུག་པ་གང་རུང་ལ་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་མེད། མར་ཏའེ་ཝེའི་རྩ་ཁྲིམས་ལྟར་དུ། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་པ་མུའུ་ཡུན་ཙུའུ་དང་སཱ་ལེ་ཧི་གཉིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པ་རེད།

མུའུ་ཡུན་ཙུའུ་ནི་ཉིས་སྟོང་ཉེར་གཅིག་ལོར་མཱ་ལོས་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས་པ་ཡིན་ལ། དེའི་སྔོན་ཁོས་ད་རུང་མར་ཏའེ་ཝེའི་སྡོད་ཁང་དང་རྨང་གཞིའི་འཛུགས་སྐྲུན་པུའུ་ཀྲང་གི་འགན་ཁུར་མྱོང་།

མར་ཏའེ་ཝེའི་ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་ཡིན་པ་རེད། སཱ་ལེ་ཧི་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། ལོ་དེའི་ཟླ་བཅུ་གཅིག་པར་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།