ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་འཐུས་ཚབ་ཚོགས་པས་བྱ་འགུལ་སྤེལ་ནས་རྒྱལ་སྟོན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2023.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་འཐུས་ཚབ་ཚོགས་པས་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་ནས། རྒྱལ་སྤྱིའི་མཛའ་མཐུན་མི་སྣ་དང་མཉམ་དུ་ལྷན་འཛོམས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

བསྟུད་མར་ཉིན་འགའི་རིང་ལ། རི་ནེ་ཝ་རུ་རྒྱུན་དུ་སྡོ་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ། རྒྱ་གྲམ་དམར་པོ་ཚོགས་པ། ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་འཐུས་མི། རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་སོགས་མི་ལྔ་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

ཞི་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་བརྙན་ཐུང་བཏང་སྟེ། ཀྲུང་གོ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་བསྐྱོད་དང་རོགས་ལས་ཟབ་མོ་བྱས་པའི་ངོ་མཚར་བའི་དུས་སྐབས་ལ་ཕྱིར་དྲན་བྱས་པར་མ་ཟད། ང་རང་རྒྱུད་གཅིག་ལམ་གཅིག་གི་ལོ་བཅུའི་དུས་བཅད་ཅེས་པའི་བརྩམས་ཆོས་གཅིག་བསྡུའི་བྱ་འགུལ་གྱི་བྱ་དགའ་སྟེར་བའི་མཛད་སྒོ་སྤེལ།

དབྱི་སི་རལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། དབྱི་སི་རལ་གྱི་ཆབ་སྲིད་མགོ་ཁྲིད་པ་སོགས་ལས་རིགས་སོ་སོའི་མི་སྣས་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས།

ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཀྲུང་ཕྱིའི་ཚོགས་ཞུགས་མི་སྣས་ཀྲུང་གོས་སྔར་ལས་ལྷག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོན་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྨོན་འདུན་ཞུས།

ཐུར་ཁེ་དང་མའོ་ལི་ཁྱིག་སི། ཝུ་ར་ཀུའེ་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་བ་དང་། རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་བར་སྔར་ལས་མང་བའི་བརྗེ་རེས་དང་མཉམ་ལས་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།