ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཁྲའོ་ཞན་དང་ཨུ་རུ་སི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་བར་སྐྱོན་འཛུགས་བྱས་པ་དང་། ཁྲའོ་ཞན་དང་ཨུ་རུ་སིའི་མཉམ་ལས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པར་བཤད་པའི་ཐད་ནས། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིན་ཐེན་དབྱེ་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱི་གཏམ་བརྗོད་དེས་འཇམ་འཐབ་རྣམ་པ་ཅན་གྱི་ངོ་རྒོལ་གཏན་ཚིགས་ལ་མགོ་འཁོར་བའི་ཨ་མེ་རི་ཁའི་བཙན་དབང་གི་བསམ་བློའི་ངོས་འཛིན་བྱེད་ཐབས་གསལ་རྗེན་དུ་མཚོན་ཡོད་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་དམག་དོན་མནའ་མཐུན་དང་བྱང་ཆིངས་རྩ་འཛུགས་ནི་ད་གཟོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་གཞིར་བཟུང་བའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཉེན་ཁ་བཟོ་བཞིན་པའི་རྐྱེན་ངན་མ་རུང་བ་ཞིག་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལའང་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་ཟེར།
གཏམ་བཤད་ལས་ད་རུང་ཁྲའོ་ཞན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་སོགས་བདག་དབང་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་མཛའ་བརྩེ་མཉམ་ལས་འབྲེལ་བ་རྒྱ་བསྐྱེད་དང་འཕེལ་རྒྱས་སུ་བཏང་སྟེ། བཙན་རྒྱལ་རིང་ལུགས་ཀྱི་དམག་དོན་འཇིགས་ཉེན་དང་དཀྲུག་འཕེན། བཙན་དབང་། སྒེར་གཅོད་བཅས་ལ་ཚོད་འཛིན་བྱས་ནས། ཁྲའོ་ཞན་ཕྱེད་གླིང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།