ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་རེ་སྒུག་ཅི་ཡང་བྱས་མེད་པའི་ཚུལ་བསྟན།
2023.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་བཅུ་བའི་ཚེས་གཅིག་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ལ་ལོ་ངོ་བཅུ་ཕྲག་འགའི་རིང་རེ་སྒུག་བྱེད་དུ་བཅུག་པ་དང་། ཐུར་ཁེ་ཡིས་མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་ལ་རེ་སྒུག་གང་ཡང་བྱས་མེད། དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་འཕེལ་རིམ་ཁྲོད་བྱུང་བའི་བཙན་ཤེད་ཀྱི་རེ་བ་དང་ཆ་རྐྱེན་གསར་བ་གང་རུང་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཐུར་ཁེ་ཡིས་སྔོན་ཆད་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་མནའ་འབྲེལ་ལ་ཡིད་ཆེས་བཟུང་ནས་དམ་བཅའ་སྲུང་ཡང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕལ་ཆེར་ཐུར་ཁེ་ལ་དམ་བཅའ་གང་ཡང་དོན་འཁྱོལ་བྱས་མེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་ཉིད་ཀྱིས་བཏོན་པའི་རྩ་དོན་དང་སྒྲིག་སྲོལ། ལས་རིམ་བཅས་སྣང་མེད་དུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཐུར་ཁེའི་བར་དྲང་བདེན་གྱི་ལྟ་སྟངས་བཟུང་མེད་ལ། ཐུར་ཁེ་ལ་བཟུང་བའི་ཕྱོགས་རིས་དེ་གཏན་ནས་བསྒྱུར་མྱོང་མེད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ནན་གྱིས་བསྟན་དོན། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ལ་བཅངས་པའི་དྲང་བདེན་མིན་པའི་རྣམ་འགྱུར་བསྒྱུར་བ་དང་། ཁྱད་པར་དུ་ཐུར་ཁེའི་ལམ་ཡིག་སྟེར་བའི་སྲིད་ཇུས་བསྒྱུར་ན། རང་ཉིད་ཀྱི་ནོར་འཆུག་ཡོ་བསྲང་བྱེད་ཐུབ། དེ་ལྟ་མིན་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར། དམག་དོན་བཅས་ཀྱི་ཐད་ནས་ཐུར་ཁེ་ལ་རེ་སྒུག་ཅི་ཡང་བྱེད་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།