ཐུར་ཁེའི་ཙུང་ཐུང་གིས་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་ལ་ཕམ་ཉེས་འབྱུང་སྲིད་པ་ཁོ་ཐག་ཡིན་པའི་ཚུལ་བསྟན།
2023.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་བཅུ་བའི་ཚེས་གཅིག་ཉིན་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཞི་བདེ་ལ་གཏོར་བརླག་གཏོང་བ་དང་སྤྱི་དམངས་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་གང་རུང་ལ་ཕམ་ཉེས་འབྱུང་སྲིད་པ་ཁོ་ཐག་ཡིན་ཟེར།

ཉིན་དེར་རྒྱལ་ས་ཨན་ཁཱ་ལཱ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཐད་ནས་ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་བཞི་བཅུའི་རིང་ལ། ཐུར་ཁེ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་རིན་དོད་ཆེན་པོ་བཏང་ཡོད། ཐུར་ཁེ་ཡིས་ཆེས་མཇུག་མཐའི་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་རག་བར་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐུར་ཁེ་ཡིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རང་མངའ་ཁོངས་དང་ཕྱི་ཡུལ་གྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཐུར་ཁེའི་དཔོན་རིགས་ཀྱིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་ཁྲིམས་འཛིན་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།