ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།
2023.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་གཉིས་ཀྱིས་ཉིན་དེར་རླངས་འཁོར་བསྐོར་ནས་རྒྱལ་ས་ཨན་ཁཱ་ལཱ་རུ་ཡོད་པའི་ཐུར་ཁེའི་ནང་སྲིད་པུའུ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་སྒོ་ཁར་ཡོང་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད་ཟེར།

ཡེ་ཨར་ལེ་ཁཱ་ཡཱ་ཡིས་བཤད་རྒྱུར། ཚེས་གཅིག་ཉིན་གྱི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། འཇིགས་སྐུལ་ཉེས་ཅན་གཉིས་ཀྱིས་ཚོང་དོན་རླངས་འཁོར་ཆུང་བ་ཞིག་བསྐོར་ནས་ནང་སྲིད་པུའུ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་སྒོ་ཆེན་ཁར་ཡོང་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད། དེ་ལས་འཇིགས་སྐུལ་ཉེས་ཅན་གཅིག་གིས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། འཇིགས་སྐུལ་ཉེས་ཅན་གཞན་པ་ཞིག་གཞན་གྱིས་བསད་པ་རེད་ཟེར།

ཁོས་ད་རུང་བཤད་རྒྱུར། ཉེན་རྟོག་པ་གཉིས་ལ་འཇབ་རྒོལ་ཁྲོད་རྨས་ཡང་མོ་ཕོག་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།