ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཡཱ་ཝན་མྱུར་བགྲོད་ལྕགས་ལམ་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་བསྒྲགས།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཚེས་གཉིས་ཉིན་གྱི་སྔ་དྲོར་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱའི་ཧཱ་ལེ་མུའུ་མྱུར་བགྲོད་ལྕགས་ལམ་ས་ཚིགས་ནས་ཡཱ་ཝན་མྱུར་བགྲོད་ལྕགས་ལམ་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཙོ་ཁི་ཡིས་བཤད་རྒྱུར། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་ནི་ཧིན་རྡུ་ཉི་ཞི་ཡཱ་དང་ཨེ་ཤ་ཡཱ་ཤར་ལྷོའི་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཡིན་པ་དང་། དུས་ཚོད་རེའི་མྱུར་ཚད་སྤྱི་ལེ་སུམ་བརྒྱ་དང་ལྔ་བཅུར་བསླེབ་ཡོད་ལ། ཧིན་རྡུ་ཉི་ཞི་ཡཱའི་སྐྱེལ་འདྲེན་ལས་རིགས་ཀྱི་དེང་རབས་ཅན་གྱི་མཚོན་བྱེད་ཅིག་ཡིན། ཙོ་ཁི་ཡིས་བཤད་རྒྱུར། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་གྱིས་བེད་སྤྱོད་བྱས་པའི་ལག་རྩལ་དང་མྱུར་ཚད་སོགས་ཧིན་རྡུ་ཉི་ཞི་ཡཱའི་མང་ཚོགས་ལ་མཚོན་ལ་གསར་སྣང་གིས་ཁེངས་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོའི་ལྕགས་ལམ་རྒྱལ་སྤྱིའི་ཚད་ཡོད་ཀུང་ཟི། ཧིན་རྡུ་ཉི་ཞི་ཡཱའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་ཀྱི་འགན་ཁུར་བ་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་ཧིན་རྡུ་ཉི་ཞི་ཡཱའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་ཟི་ལ་ཚོང་གཉེར་ཆོག་མཆན་དཔང་ཡིག་བྱིན་པ་རེད།

ཡཱ་ཝན་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་འདོན་དང་ཧིན་རྡུ་ཉི་ཞི་ཡཱའི་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་གནས་ཤིག་གི་འཆར་འགོད་སྦྲེལ་མཐུད་བྱེད་པ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ལས་གཞི་ཞིག་ཡིན་པ་དང་། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་དང་གྲོང་ཁྱེར་ཆེན་མོ་བཞི་བ་ཝན་ལུང་གཅིག་ཏུ་སྦྲེལ་ཡོད་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་ཞེ་གཉིས་ཡོད། དེ་ནི་མ་ལག་ལྡན་པ་དང་འཐུས་སྒོ་ཚང་བ། ཐོན་ལས་མུ་འབྲེལ་ཅན་བཅས་ལྡན་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཐོག་དང་པོར་ཕྱི་རྒྱལ་ནས་འཛུགས་སྐྲུན་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།