ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་རིགས་སྣ་མང་བའི་དམག་དོན་སྒྲིག་ཆས་ལ་གཏོར་བཤིག་བཏང་།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཏོན་ནེ་ཚི་ཁི་དང་ཀྲ་པའོ་ལོ་རི་སོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་དཔུང་འཇུག་མཐར་སྐྲོད་བཏང་བ་དང་། ཝུའུ་ཁི་ལན་གྱི་ཐན་ཁི་དང་ཁྲབ་ལྡན་འཁོར་ལོ། དེ་མིན་ཨ་མེ་རི་ཁས་བཟོས་པའི M777རྟགས་ཅན་གྱི་སྒྱོགས་མདེལ་དང་། དབྱིན་ཇིས་བཟོས་པའི FH70རྟགས་ཅན་གྱི་སྒྱོགས་མདེལ་སོགས་ལ་གཏོར་བཤིག་བཏང་ཟེར། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ད་རུང་ཝུའུ་ཁི་ལན་གྱི་མཁའ་དམག་གི་སུའུ-25རྟགས་ཅན་གྱི་དཔུང་འཇུག་གནམ་གྲུ་གཅིག་དང་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་མང་བོ་སར་འཕངས་ཡོད་ཟེར།

ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། གཡུལ་ས་ནས་འཐབ་འཁྲུག་ཐེངས་སུམ་ཅུ་བྱུང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཧོང་ལེ་མན་དང་མཱ་ལིན་ཁཱ་སོགས་ས་ཁུལ་ནས་ཨུ་རུ་སིའི་དམག་དཔུང་གི་དཔུང་འཇུག་མཐར་སྐྲོད་བཏང་ཡོད་ལ། ཨུ་རུ་སིའི་མི་སྣའི་དྲག་ཆས་སྒྲིག་ཆས་གཅིག་བསྡུས་ཡིན་པའི་ས་ཁུལ་དང་མཁའ་སྲུང་སྒྲིག་ཆས་སོགས་ལ་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།