ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཐུར་ཁེའི་སྲིད་གཞུང་གིས་རྒྱལ་ནང་གི་ས་ཁུལ་མང་བོར་དུས་མཉམ་དུ་གཞི་རྒྱ་ཆེ་བའི་འཛིན་བཟུང་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་བྱ་འགུལ་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་ཉི་ཤུ་བཀག་འཇུག་བྱས་ཟེར།
ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། ཐུར་ཁེའི་སྲིད་གཞུང་གིས་དབྱི་སི་ཐན་པོར་དང་བཅས་པའི་ས་གནས་ཉེར་དྲུག་ནས་འགུལ་སྐྱོད་སྤེལ་ཏེ་གོང་སྨྲས་ཀྱི་དོགས་ཡོད་ཅན་བཀག་འཇུག་བྱས་པ་དང་། དེའི་ནང་ཐུར་ཁེའི་མི་དམངས་དམངས་གཙོ་ཏང་གི་ཁོངས་མི་འདུས་ཡོད་ཟེར། ཁོས་བཤད་རྒྱུར། ཐེངས་འདིར་བཀག་འཇུག་བྱས་པའི་དོགས་ཡོད་ཉེས་ཅན་ཉི་ཤུ་ཡིས་འཇིགས་སྐུལ་རྩ་འཛུགས་ལ་སྦས་སྐོང་བྱེད་ས་སོགས་འདོན་སྤྲོད་བྱས་པའི་དོགས་གཞི་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།