ཉིས་སྟོང་ཉེར་གསུམ་ལོའི་ཏའོ་ཧཱ་འཛམ་གླིང་ལྡུམ་རའི་འགྲེམ་སྟོན་ཚོགས་འདུ་སྤེལ་མགོ་བརྩམས།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉིས་སྟོང་ཉེར་གསུམ་ལོའི་ཏའོ་ཧཱ་འཛམ་གླིང་ལྡུམ་རའི་འགྲེམ་སྟོན་ཚོགས་འདུ་ཚེས་གཉིས་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་གྲོང་ཁྱེར་ལྟེ་གནས་ཀྱི་པེ་ཏཱ་སྤྱི་གླིང་ནས་སྤེལ་མགོ་བརྩམས། ཁཱ་ཐར་གྱི་རྒྱལ་ཁབ་མགོ་གཙོ་ཐཱ་མུས་མུའུ་ཡིས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།

སྐབས་འདིའི་འཛམ་གླིང་ལྡུམ་རའི་འགྲེམ་སྟོན་ཚོགས་འདུའི་བརྗོད་སྙིང་ནི་ལྗང་མདོག་གི་བྱེ་ཐང་དང་མཛེས་སྡུག་ཁོར་ཡུག་ཅེས་པ་དེ་ཡིན་ལ། དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་བཏོན་ནས་བྱེ་འགྱུར་ཅན་ལ་ཚོད་འཛིན་བྱེད་པར་སྐུལ་མ་བཏང་སྟེ། མི་རྣམས་ཀྱིས་ཁོར་ཡུག་ལ་དོ་སྣང་བྱེད་དུ་འཇུག་པ་དང་། ཁོར་ཡུག་འདུ་ཤེས་མཐོར་འདེགས་བྱས་ནས། ཁོར་སྲུང་འགུལ་སྐྱོད་སྤེལ་དུ་འཇུག་ཆེད་རེད།

ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་རོགས་ལས་ལ་བརྟེན་ནས་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་འཛམ་གླིང་ལྡུམ་རའི་འགྲེམ་སྟོན་ཚོགས་འདུར་ཁཱ་ཐར་སྲིད་གཞུང་དང་རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ། རྒྱལ་སྤྱིའི་ལྡུམ་རའི་ཐོན་སྐྱེད་མཁན་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ལ། སང་ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བར་རྒྱུན་བསྲིང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།