ཀྲུང་གོ་དང་ཨ་རབ་ཀྱི་པར་སྐྲུན་མཉམ་ལས་བརྗེ་རེས་གླེང་སྟེགས་སོ་ཏི་ཨ་རབ་ནས་སྤེལ།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་གཅིག་ཉིན། ཀྲུང་གོ་དང་ཨ་རབ་ཀྱི་པར་སྐྲུན་མཉམ་ལས་བརྗེ་རེས་གླེང་སྟེགས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ།

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཀྲུང་གོ་དང་ཨ་རབ་ཀྱི་པར་སྐྲུན་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་སློབ་སྦྱོང་དཔེར་ལེན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ལ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་དང་། ཨ་རབ་པར་སྐྲུན་ཚོང་བའི་མཐུན་ཚོགས། སོ་ཏི་ཨ་རབ་ཀྱི་ཚན་རིག་ཞིབ་འཇུག་དང་ཤེས་བྱའི་བརྗེ་རེས་ལྟེ་གནས་ཀྱི་འཐུས་མི། དེ་མིན་ཀྲུང་གོ་དང་ཨ་རབ་ཀྱི་པར་སྐྲུན་པ་དང་། མཁས་པ། ཆེད་མཁས་པ། རྩོམ་པ་སོ་སོགས་མི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

ཚོགས་ཞུགས་སྐུ་མགྲོན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཨ་རབ་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་ཤུགས་ཆེན་པོས་དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་གཅིག་གྱུར་ཡིད་འཐད་བྱུང་སྟེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དག་གི་འབྲེལ་བའི་དུས་རབས་གསར་བ་གསར་འབྱེད་བྱས་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཨ་རབ་ཀྱི་པར་སྐྲུན་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོ་ཨ་རབ་ཀྱི་རྒྱལ་ཁབ་སོ་སོའི་པར་སྐྲུན་བྱེད་མཁན་གྱིས་མཉམ་དུ་ཕན་ཚུན་རོགས་རེས་དང་འདྲ་མཉམ་གཉིས་ཕན། བཟོད་སྒོམ་དཔེར་ལེན་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་མཐུན་སྙིང་སྟོབས་དར་སྤེལ་བྱས་ཏེ། ཕན་ཚུན་སྐད་དུ་བསྒྱུར་ནས་པར་སྐྲུན་བྱེད་པ་དང་། པར་དབང་ཉོ་ཚོང་། དཔེ་ཆའི་འགྲེམ་སྟོན་སྟེགས་བུ། དྲ་རྒྱའི་པར་སྐྲུན་སོགས་ཀྱི་ཐད་ནས་ཕྱོགས་མང་བོ་དང་རིམ་པ་མང་བོའི་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་སྤེལ་བས། ཀྲུང་གོ་དང་ཨ་རབ་ཀྱིས་ཕན་ཚུན་སློབ་སློབ་དཔེར་ལེན་ཁྲོད་ནས་མཉམ་དུ་དཔལ་ཡོན་གྱི་གྲུབ་འབྲས་གསར་བ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་བློ་སེམས་གཅིག་སྦྲེལ་གྱི་འབྲེལ་ཟམ་ཆགས་པར་བྱས་ཡོད།

ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་མྱུར་དུ་དངོས་འབེབས་བྱས་ཤིང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་བསྟར་བྱེད་པ་དང་། མཉམ་དུ་དཔལ་ཡོན་གྲོས་མོལ་བརྗེ་རེས་ཀྱི་ནུས་ཡུན་རིང་བའི་རྐྱེན་སྲོལ་བཙུགས་ཏེ། མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་བསྟན་བཅོས་བརྒྱ་ཕྲག་ཕན་ཚུན་ལོ་ཙཱ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། ཀྲུང་གོ་དང་ཨ་རབ་ཀྱི་དྲ་རྒྱའི་པར་སྐྲུན་གྱི་བརྗེ་རེས་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ནས། མཉམ་དུ་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་སློབ་སྦྱོང་དཔེར་ལེན་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་མི་གཞུང་གི་རྨང་བརྟན་པོ་ཆགས་པར་བྱེད་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།