ནེ་ཀྲིར་གྱི་དམག་དཔུང་ལ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་དམག་མི་ཉེར་དགུ་རྐྱེན་ལམ་དུ་ཤོར།
2023.10.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ནེ་ཀྲིར་སྲིད་འགྱུར་དབང་འཛིན་ལས་ཁུངས་ཀྱི་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དམག་དཔུང་ཞིག་ལ་ཉེ་སྔོན་ནུབ་བྱང་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་དམག་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་ཐེབས་སྐབས་ནེ་ཀྲིར་དམག་དཔུང་གིས་ས་ཁུལ་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་ཉེན་གཙང་སེལ་བྱེད་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། འཇིགས་སྐུལ་ཉེས་ཅན་བརྒྱ་ལྷག་གིས་ནུབ་བྱང་ཕྱོགས་ཀྱི་ཐཱ་པཱ་ཐའོ་ཨར་ནས་ལས་འགན་ལག་བསྟར་བྱེད་པའི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ནེ་ཀྲིར་གྱི་དམག་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་གཉིས་ལ་རྨས་ལྗིད་མོ་ཕོག་ཟེར།

ཐཱ་པཱ་ཐའོ་ནི་ནེ་ཀྲིར་གྱི་ནུབ་བྱང་ཕྱོགས་ཀྱི་མཱ་ལི་དང་འདབས་འབྲེལ་བྱས་པའི་མཐའ་མཚམས་ས་ཁུལ་དུ་གནས། ཉེ་བའི་ལོ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་ཁུལ་དེར་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།