རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སྤེལ་བ་དང་རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད།
2023.10.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་དང་ལས་རིགས་སོ་སོའི་མི་སྣས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།

ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་བ་དང་། ཁྲའོ་ཞན་གྱི་ཏང་སྲིད་དམག་གསུམ་སྡེ་ཁག་གི་འཐུས་མི་དང་། ཁྲའོ་ཞན་དུ་གནས་སྐོར་བྱེད་པའི་ཀྲུང་གོ་བ། ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས། སྨྱན་བྱད་ཀྱི་འཐུས་མི་སོགས་མི་བརྒྱ་ལྷག་བྱ་འགུལ་ལ་ཞུགས། སྐུ་མགྲོན་དག་གིས་ཀྲུང་གོ་གསར་བས་བླངས་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པའི་སྨོན་འདུན་ཞུས།

སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གསར་དུ་འཛུགས་སྐྲུན་བྱས་ནས་གྲུབ་པའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སྤེལ་བ་དང་། སེར་ཝེ་ཡཱའི་ཙུང་ལི་པུའུ་ཨར་ནཱ་པུས་ཆི་སོགས་ཆབ་སྲིད་མགོ་ཁྲིད་པ་དང་ལས་རིགས་སོ་སོའི་མི་སྣ་བརྒྱད་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་དག་གིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་འབུར་དུ་ཐོན་པའི་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས།

ཐེ་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། ཐེ་གོའི་སྲིད་གཞུང་གི་དཔོན་རིགས་དང་ལས་རིགས་སོ་སོའི་མཛའ་མཐུན་མི་སྣས་མཉམ་དུ་མཛའ་བརྩེ་དང་མཉམ་ལས་གླེང་བར་མ་ཟད། རྒྱུད་གཅིག་ལམ་གཅིག་གི་ལོ་ངོ་བཅུའི་བརྗོད་དོན་པར་རིས་འགྲེམ་སྟོན་ལ་བལྟས།

ཕེ་རུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་ལས་རིགས་སོ་སོའི་མི་སྣས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་གིས་ཁེངས་ཡོད་པའི་ཚུལ་བསྟན།

སཱ་ཨར་ཝ་ཏའོ་ནས་ས་དེའི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་ཁབ་མང་བོའི་གཞུང་ཚབ་ཁང་སོགས་ལས་རིགས་སོ་སོའི་མི་སྣ་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་ཏེ། མཉམ་དུ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཁཱ་ཐར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། ལས་རིགས་སོ་སོའི་མི་སྣས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བ་དང་ཀྲུང་གོ་དང་ཁཱ་ཐར་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བར་རྟེན་འབྲེལ་ཞུས།

ཅོར་ཏན་དང་ཡེ་མིན། ཨན་ཁོ་ལཱ། ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་། དེ་མིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་དང་ཨ་མེ་རི་ཁའི་ཉིག་ཡོ། པཱ་ཞི་ལི་ཡའོ་རི་ནེ་ལུའུ། དབྱིན་ཇིའི་མན་ཁྲུ་སི་ཐི་སོགས་ས་ཁུལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ། རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོས་ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།