ལྦུའུ་ཁི་ལན་རྒྱལ་སྤྱི་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་གཉིས་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་བྱས་ནས་དམག་མིར་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་བརྟན་པོ་ཡིན་པར་མ་ཟད་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།
ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཅི་ཧྥུའུ་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་དང་པོར་ཕྱིའི་རྒྱལ་ཁབ་ནས་གྲོས་ཚོགས་དེ་འདྲ་བསྡུས་བ་རེད། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་པའོ་ལོས་ལེ་གཉིས་ཀྱི་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས། ཁུའུ་ལེ་པཱ་ཡིས་བསྟན་དོན། གྲོས་ཚོགས་ནས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་སྲིད་པར་ཡིད་ཆེས་ཡོད་ཟེར།
ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པའོ་ལོས་ལེ་ཡིས་ཁུའུ་ལེ་པཱ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་ཞི་བདེའི་ཐེབས་རྩའི་ལས་ཁུངས་ཀྱི་སྒྲོམ་གཞིའི་འོག སང་ལོར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་ལྔའི་རོགས་སྐྱོར་རབ་དང་རིམ་པ་འདོན་སྤྲོད་བྱེད་པའི་གྲོས་གཞི་བཏོན་ཡོད་པར་མ་ཟད། ད་ལོའི་ལོ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དོན་དེའི་ཐད་གྲོས་མཐུན་འགོད་པར་རེ་སྒུག་བྱས་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་རམ་བྱས་ནས་དམག་མིར་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། མིག་སྔའི་དམིགས་ཡུལ་ནི་མ་འོངས་པའི་ཟླ་ངོ་འགའི་ནང་དམག་མི་ཁྲི་བཞིར་སྦྱོང་བརྡར་བྱེད་རྒྱུ་ཡིན་ལ། དེའི་ནང་ཝུའུ་ཁི་ལན་གྱི་གནམ་གྲུའི་ཁ་ལོ་བའི་ཆེད་དོན་སྦྱོང་བརྡར་ཡང་འདུས་ཡོད་ཟེར།
པའོ་ལོས་ལེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཅི་ཧྥུའུ་ནས་སྤེལ་བའི་གྲོས་ཚོགས་ནི་ཝུའུ་ཁི་ལན་ཕྱོགས་ལ་ཁས་ལེན་གསལ་བོ་བྱེད་པ་དང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་བརྟན་པོ་ཡིན་པར་མ་ཟད་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཐེངས་འདིའི་གྲོས་ཚོགས་སྐབས་སུ་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བཅོས་བསྒྱུར་གྲོས་གཞི་དངོས་འབེབས་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་ལོ་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་གྲ་སྒྲིག་བྱས་ཡོད་ཟེར། ཙེ་ལེན་སི་ཅི་ཡིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱིས་བཏོན་པའི་ཞི་བདེའི་ཇུས་གཞི་དངོས་འབེབས་བྱེད་པའི་ཐད་ཕྱི་ཕྱོགས་ཀྱི་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།