དབྱི་ཐཱ་ལེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་གསུམ་ཉིན་གྱི་དགོང་མོར་དབྱི་ཐཱ་ལེའི་བྱང་ཕྱོགས་ཀྱི་ཝེ་ནེ་སི་གྲོང་ཁྱེར་ཉེ་འདབས་ཀྱི་གནམ་འདེགས་ཟམ་པ་ཞིག་གི་སྟེང་ནས་ལྷུང་སྟེ་མེར་འབར་ཏེ། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་ཐཱ་ལེའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགྱུར་འཕྲིན་ལམ་གྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས། འགྲུལ་སྐྱེལ་རླངས་འཁོར་དེས་འགྲུལ་བ་དྲུད་དེ་གནས་སྐོར་ས་ཁུལ་ནས་ཕྱིར་ཡོང་བ་དང་། འགྲུལ་སྐྱེལ་རླངས་འཁོར་དེ་མཐོ་ཚད་ལ་རྨིད་སུམ་ཅུ་ཙམ་ཡོད་པའི་ཟམ་ཐོག་ནས་ཟམ་འོག་གི་ལྕགས་ལམ་ཉེ་འདབས་སུ་ལྷུང་ནས་མེར་འབར་བ་དང་། དེ་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག དེའི་ནང་མི་ལྔའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ནི་ལོ་ངོ་བཞི་བཅུ་ལོན་པའི་དབྱི་ཐཱ་ལེའི་མི་ཞིག་ཡིན་པ་དང་། དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར། དོན་རྐྱེན་དེ་ནི་ཁ་ལོ་བར་གློ་བུར་དུ་ནད་བྱུང་བ་ལས་བྱུང་བ་ཡིན་ཀྱང་སྲིད་ཟེར།
དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་སྨྱད་བྱད་རུ་རྩོམ་ཡིག་སྤེལ་ནས་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པར་མ་ཟད། དོན་རྐྱེན་དེའི་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།