ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་སྐོར་ཐེངས་གསར་བའི་བར་སྣང་འཇབ་རྒོལ་བྱས།
2023.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལག་ཏེ། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་སྐོར་ཐེངས་གསར་བ་བྱས་ཏེ། དམིགས་འབེན་བཅུ་ཕྲག་འགའ་གཏོར་བཤིག་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་དབྱི་རག་བྱང་ཕྱོགས་ཀྱི་མེད་ཐིས་ནཱ་དང་ཁན་ཏིས་ལེ་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས། མཛོད་ཁང་དང་བཙན་རྫོང་། བྲག་ཕུག་སོགས་འདུས་པའི་དམིགས་འབེན་ཉེར་གཉིས་གཏོར་བཤིག་བཏང་བར་མ་ཟད། འཇིགས་སྐུལ་ཉེས་ཅན་མང་བོ་ཚར་གཅོད་བྱས།

ཉིན་དེའི་སྔ་དྲོར། ཐུར་ཁེའི་ནང་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། DNAལག་རྩལ་ལ་བརྟེན་ནས་ཨན་ཁཱ་ལཱའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་ཞུགས་པར་གཏན་འཁེལ་བྱས་པའི་འཇབ་རྒོལ་མཁན་གཉིས་ནི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མི་རེད་ཟེར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་བསྟན་དོན། འཇབ་རྒོལ་མཁན་གཉིས་པོ་ཚང་མ་སི་རི་ཡཱ་ནས་ཡོང་བ་ཡིན་ལ། དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཚོད་འཛིན་བྱེད་པའི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་སྒྲིག་ཆས་དེ་ཐུར་ཁེའི་དམག་དཔུང་གིས་ཆབ་ཕབ་གཏོང་བའི་ཁྲིམས་མཐུན་དམིགས་འབེན་དུ་གྱུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།