ཚེས་བཞི་ཉིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་གྱི་ཀྲུའུ་ཞི་ཡུན་ཧྥན་ཏིས་ནོའུ་ཡིས་ཁྱབ་བསྒྲགས་བྱས་དོན། སི་ཕན་དང་ཕུའུ་ཐའོ་ཡཱ། མའོ་ལོ་ཀི་བཅས་ལ་དུས་མཉམ་དུ་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་གཙོ་སྒྲུབ་བྱེད་པའི་དབང་ཆ་ཐོབ་ཡོད་པ་དང་། སྤེལ་སའི་གྲོང་ཁྱེར་དེ་ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་དུ་འཕྲེད་ཀྱིས་ཆོད་ཡོད། དེའི་ཞོར་དུ་ཉིས་སྟོང་སུམ་ཅུ་ལོར་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྤེལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་ཆེད། སྐབས་དང་པོའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་ཝུ་ར་ཀུའེ་ནས་དམིགས་བསལ་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། མེ་གླིང་ལྷོ་མའི་ཝུ་ར་ཀུའེ་དང་ཨ་ཀིན་ཐིན། པཱ་ལཱ་ཀུའེ་བཅས་ཀྱིས་སོ་སོར་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་རེ་སྤེལ་རྒྱུ་རེད། དེ་ལས་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དེ་ཐོག་དང་པོར་ཡོ་རོབ་གླིང་དང་མེ་གླིང་ལྷོ་མ། ཨ་ཧྥེ་རི་ཁ་གླིང་བཅས་གླིང་ཆེན་གསུམ་གྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དུ་གྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།