ཟླ་བཅུ་བའི་ཚེས་དྲུག་ཉིན། སི་ཕན་ལྷོ་ཕྱོགས་གྲོང་ཁྱེར་ཀི་ལཱ་ནཱ་ཏཱ་ནས། སི་ཕན་གྱི་དབུ་བཞུགས་བློན་ཆེན་ཚབ་མ་སིང་ཆེ་སི་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།
ཚོགས་ཡུན་ཉིན་གཅིག་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་དྲུག་ཉིན་སི་ཕན་ལྷོ་ཕྱོགས་གྲོང་ཁྱེར་ཀི་ལཱ་ནཱ་ཏཱ་ནས་གྲོལ། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དུས་ཡུན་རིང་བོའི་འཐབ་ཇུས་དང་། མནའ་འབྲེལ་གྱི་རྒྱ་བསྐྱེད། གནས་སྤོར་སྡོད་དམངས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། གནས་སྤོར་སྡོད་དམངས་གནད་དོན་ཐད་ནས་གྲོས་མཐུན་བྱུང་མེད།
གནས་སྤོར་སྡོད་དམངས་གནད་དོན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་དུ་རྩོད་གླེང་ཆེས་ཆེ་བའི་གནད་དོན་ཅིག་ཡིན་ཡང་། ཉིན་དེའི་གྲོས་ཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་ཀི་ལཱ་ནཱ་ཏཱའི་བསྒྲགས་གཏམ་ལས་གནས་སྤོར་སྡོད་དམངས་ལ་འབྲེལ་བའི་གནད་དོན་གླེང་མེད། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་མི་སྒེར་གྱི་མིང་ཐོག་ནས་གནས་སྤོར་སྡོད་དམངས་གནད་དོན་ལ་སྒེར་གྱི་གསལ་སྒྲོག་ཅིག་སྤེལ་ཡོད།
མུས་ཞེ་ཨར་གྱིས་གསལ་སྒྲོག་ནང་བསྟན་དོན། གནས་སྤོར་སྡོད་དམངས་ནི་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཅིག་ཡིན་པས། ཡོ་རོབ་གླིང་གིས་དོན་དེ་ཐག་གཅོད་བྱེད་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་སྤོར་སྡོད་དམངས་ཡོང་སའི་རྒྱལ་ཁབ་དང་ལམ་བར་ནས་བརྒྱུད་པའི་རྒྱལ་ཁབ་བར་དུ་གཉིས་ཕན་གྱི་གྲོགས་པོའི་འབྲེལ་བ་བཙུགས་ནས། གནས་སྤོར་སྡོད་དམངས་བྱུང་བའི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་པ་དང་། ཁྲིམས་མཐུན་གནས་སྤོར་སྡོད་དམངས་ལ་གོ་སྐབས་འདོན་སྤྲོད་བྱས་ཏེ། རྩ་འཛུགས་ཡོད་པའི་ནག་ཉེས་དང་མི་སྣའི་ལྐོག་འཚོང་སོགས་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་དགོས་ཟེར།
ཚོགས་འདུ་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་གི་མཐའ་མཚམས་ས་ཁུལ་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་ཁབ་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕྱིར་ལྡོག་པའི་བྱ་བ་མྱུར་མོར་བསྒྲུབ་དགོས་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ནན་གྱིས་བསྟན་དོན། གནས་སྤོར་སྡོད་དམངས་ཡོང་སའི་རྒྱལ་ཁབ་དང་ལམ་བར་ནས་བརྒྱུད་པའི་རྒྱལ་ཁབ་བར་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་འཛུགས་དགོས་པ་དང་། རྒྱལ་ཁབ་དེ་དག་བར་གྱི་དངུལ་གཏོང་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་གནས་སྤོར་སྡོད་དམངས་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
བསྒྲགས་པ་ལྟར་ན། ཕོ་ལན་དང་ཧང་ག་རི་ཡིས་ཉིན་དེར་མཐོ་རིམ་གྲོས་ཚོགས་སྟེང་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་ལམ་ལུགས་བཅོས་བསྒྱུར་ལ་ཡིད་འཐད་མིན་པའི་རྣམ་འགྱུར་བསྟན། ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཏུ་ཡོང་བའི་གནས་སྤོར་སྡོད་དམངས་དག་ཡང་བསྐྱར་བགོ་བཤའ་བྱེད་དགོས་པ་དང་། དང་ལེན་བྱེད་མི་འདོད་པའི་རྒྱལ་ཁབ་དག་གིས་དང་ལེན་བྱས་པའི་རྒྱལ་ཁབ་ལ་གྲོན་དངུལ་འདོན་སྤྲོད་བྱེད་དགོས་པ་རེད། ཡིན་ཡང་ཕོ་ལན་དང་ཧང་ག་རི་ཡིས་བལྟས་ན། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་བཙན་ཤེད་ཀྱི་བཀའ་རྒྱ་ཞིག་ཡིན་པར་བསམ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་པུའུ་ལུའུ་སེར་ནས་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་མུ་མཐུད་དུ་གནས་སྤོར་སྡོད་དམངས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།