ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་དྲུག་ཉིན་སི་ཕན་ལྷོ་ཕྱོགས་ཀྱི་ཀི་ལཱ་ནཱ་ཏཱ་གྲོང་ཁྱེར་ནས་བསྡུས། གཙོ་བོ་བདེ་འཇགས་དང་གནས་སྤོར་སྡོད་དམངས། མནའ་འབྲེལ་གྱི་རྒྱ་བསྐྱེད། དུས་ཡུན་རིང་བོའི་འགྲན་རྩོད་ནུས་པ། ལྷད་མེད་དང་གྲངས་ལྡན་གྱི་སྤོར་བསྒྱུར། དེ་མིན་འཛམ་གླིང་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་སོགས་མ་འོངས་པའི་འཐབ་ཇུས་གྲོས་རིམ་ཁྲོད་ཀྱི་གནད་དོན་གཙོ་བོར་གྲོས་བསྡུར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་ཤུགས་སྣོན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་དཔྱད་འཇོག་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་རྗེས་ཕྱོགས་ཀྱི་འཐབ་ཇུས་གྲོས་རིམ་གཏན་འབེབས་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚོགས་འདུ་མ་བསྡུས་གོང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་བསྐུར་བའི་གདན་ཞུའི་འཕྲིན་ཡིག་ནང་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་བྱ་བ་གཙོ་བོ་སྤེལ་མགོ་རྩོམ་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཚེས་ལྔ་ཉིན། སྐབས་གསུམ་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཀི་ལཱ་ནཱ་ཏཱ་ནས་བསྡུས། ཡོ་རོབ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ་ལྔ་བཅུ་ཙམ་ཚོགས་འདུར་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།