མའོ་ཞི་ཁོ་ལྷོ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།
2023.10.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མའོ་ཞི་ཁོ་ལྷོ་ཕྱོགས་ཀྱི་ཝ་ཧཱ་ཁཱ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་ཚེས་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཝ་ཧཱ་ཁཱ་མངའ་སྡེ་རུ་བགྲོད་པའི་ལམ་བར་ནས་ཁ་ལོ་བྱེད་ཐབས་བྲལ་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་སྔ་དྲོར། གནས་སྤོར་སྡོད་དམངས་ང་ལྔ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཝ་ཧཱ་ཁཱ་གྲོང་ཁྱེར་ནས་མཁའ་ཁི་ནོའུ་ཕཱ་ལན་གྲོང་ཁྱེར་དུ་བགྲོད་པའི་གཞུང་ལམ་སྟེང་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་པས་མི་མང་བོར་ཤི་རྨས་བཟོས། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེའི་ནང་གི་མི་མང་ཆེ་བ་ནི་ཝེ་ནེ་ཙུའེ་ལཱ་ནས་ཡོང་བའི་གནས་སྤོར་སྡོད་དམངས་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།