ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་སི་རི་ཡཱི་བྱང་ཕྱོགས་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་ལ་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས་ནས་དམིགས་འབེན་བཅོ་ལྔར་གཏོར་བཤིག་བཏང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་ཡོད་སའི་གནས་དང་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་ནས། བསྡོམས་པས་དམིགས་འབེན་བཅོ་ལྔ་གཏོར་བཤིག་བཏང་བར་མ་ཟད་འཇིགས་སྐུལ་ཉེས་ཅན་མང་བོ་ཚར་གཅོད་བྱས་ཡོད་ཟེར།
དེ་ནི་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་ཉེ་སྔོན་འགས་གཏོར་འཇབ་རྒོལ་བྱུང་རྗེས། ཐུར་ཁེ་ཡིས་ཐེངས་གཉིས་པར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་རེད། དེའི་སྔོན་ཐུར་ཁེའི་དམག་དཔུང་གིས་ཚེས་གཅིག་ཉིན་དང་ཚེས་གསུམ་ཉིན། ཚེས་བཞི་ཉིན་བཅས་ལ་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ཚེས་ལྔ་ཉིན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།