སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་དམག་དོན་སློབ་གླིང་ཞིག་གིས་ཚེས་ལྔ་ཉིན་མཐར་ཕྱིན་མཛད་སྒོ་སྤེལ་སྐབས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་དོན་བདུན་ལ་རྨས་ཕོག་ཡོད་ཟེར།
སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། འདས་པོའི་ཁྲོད་དུ་བུད་མེད་སོ་གཅིག་དང་བྱིས་པ་ལྔ་འདུས་ཡོད་ཟེར།
འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ཀྱི་དུར་འཇུག་མཛད་སྒོ་ཚེས་དྲུག་ཉིན་ཧའོ་མུའུ་སི་ཞིང་ཆེན་གྱི་ཧའོ་མུའུ་སི་གྲོང་ཁྱེར་ནས་སྤེལ། སི་རི་ཡཱའི་ཧྲ་མུའུ་འཕྲིན་ལམ་གྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་མཁའ་སྲུང་འཕུར་མདའ་ཡིས་ཉིན་དེར་ཧའོ་མུའུ་སི་ཞིང་ཆེན་གྱི་བར་སྣང་ནས་མི་བསྡད་མེད་པའི་གནམ་གྲུ་མང་བོར་བཀག་འགོག་བྱས་ཡོད་ཟེར།
སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་དམག་དོན་སློབ་གླིང་ཞིག་གིས་ཉིན་དེར་མཐར་ཕྱིན་མཛད་སྒོ་སྤེལ་སྐབས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། བུད་མེད་དང་བྱིས་པ་འདུས་པའི་མི་སེར་དང་དམག་མི་མང་བོ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། སི་རི་ཡཱའི་སྲིད་གཞུང་གིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་བའི་ཚེས་དྲུག་ཉིན་ནས་བཟུང་སི་རི་ཡཱའི་རྒྱལ་ཡོངས་ནས་ཉིན་གསུམ་ལ་ཐེངས་འདིའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུཤ་་ཤོར་བའི་མི་སེར་དཀྱུས་མ་དང་དམག་མིར་མྱ་ངན་ཞུ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་སི་རི་ཡཱའི་མངའ་ཁོངས་ཧྲིལ་བོ་དང་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་དང་ཕྱི་འབྲེལ་ལས་ཁུངས་བཅས་ནས་དར་ཆ་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།